Degé Kangyur volume 38, F.31.a

སྲང་རེ་རེའི་ངོས་གཡས་གཡོན་ནས་ཀྱང་སྟེགས་བུ་བྱེ་བ་ཉི་ཤུ་ཉི་ཤུ་ཙམ་ལ་ཡོ་བྱད་ཐམས་ཅད་ཡོངས་སུ་སྤུངས་ཏེ་བཀོད་པ་མཐོང་ངོ་། །​དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་རྒྱལ་པོ་འོད་ཆེན་པོ་ལ་ལུས་ཐམས་ཅད་ཀྱིས་ཕབ་ནས་ཕྱག་བྱས་ཏེ། རྒྱལ་པོ་འོད་ཆེན་པོ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་མདུན་དུ་འདུག་སྟེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། འཕགས་པ་བདག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན། ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་ཏེ། འཕགས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གདམས་ངག་དང་རྗེས་སུ་བསྟན་པ་མཛད་དོ་ཞེས་བདག་གིས་ཐོས་ན། འཕགས་པ་ཇི་ལྟར་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱི་བ་དང་། ཇི་ལྟར་ནན་ཏན་དུ་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། སྨྲས་པ། རིགས་ཀྱི་བུ་ང་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་ཡོངས་སུ་དག་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་སྟེ། རིགས་ཀྱི་བུ་ངས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ཡང་སངས་རྒྱས་བརྒྱ་ཕྲག་དུ་མ་དང་། སངས་རྒྱས་སྟོང་ཕྲག་དུ་མ་དང་། སངས་རྒྱས་བརྒྱ་སྟོང་ཕྲག་དུ་མ་དང་། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ནས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་བར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཡོངས་སུ་དྲིས་སོ། ཡོངས་སུ་ཞུས་སོ། རྣམ་པར་སྦྱངས་སོ། ཡོངས་སུ་སྦྱངས་སོ། རྣམ་པར་བཀོད་དོ། རྣམ་པར་བལྟས་སོ། རྣམ་པར་དཔྱད་དོ། རྗེས་སུ་བཙལ་ཏོ། ཡོངས་སུ་བརྟགས་སོ། རྣམ་པར་བྲིས་སོ། རྒྱ་ཆེར་བྱས་སོ། རིགས་ཀྱི་བུ་དེ་ལྟར་ད་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱམས་པ་ཆེན་པོའི་རྒྱལ་མཚན་འདི་ལ་གནས་ཤིང་ཆོས་དང་འཐུན་པར་ཁམས་སྐྱོང་ཞིང་སྟོན་ཏོ། །​ཆོས་དང་འཐུན་པར་འཇིག་རྟེན་ལ་ཕན་པར་བྱེད་དོ། །​ཆོས་དང་འཐུན་པར་འཇིག་རྟེན་ན་རྗེས་སུ་སྤྱོད་དོ། །​ཆོས་དང་འཐུན་པར་སེམས་ཅན་བཅོས་བ་བྱེད་དོ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-7914#UT22084-037-007-7914