Degé Kangyur volume 38, F.361.b

ནི། །​བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །​གང་གིས་བཟང་སྤྱོད་སྨོན་ལམ་འདི་བཏབ་པ། །​དེས་ནི་ངན་སོང་ཐམས་ཅད་སྤོང་བར་འགྱུར། །​དེས་ནི་གྲོགས་པོ་ངན་པ་སྤངས་པ་ཡིན། །​སྣང་བ་མཐའ་ཡས་དེ་ཡང་དེས་མྱུར་མཐོང་། །​དེ་དག་རྙེད་པ་རབ་རྙེད་བདེ་བར་འཚོ། །​མི་ཚེ་འདིར་ཡང་དེ་དག་ལེགས་པར་འོང་། །​ཀུན་ཏུ་བཟང་པོ་དེ་ཡང་ཇི་འདྲ་བར། །​དེ་དག་རིང་པོར་མི་ཐོགས་དེ་བཞིན་འགྱུར། །​མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །​གང་གི་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །​མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །​ཡེ་ཤེས་དང་ནི་གཟུགས་དང་མཚན་རྣམས་དང་། །​རིགས་དང་ཁ་དོག་རྣམས་དང་ལྡན་པར་འགྱུར། །​བདུད་དང་མུ་སྟེགས་མང་པོས་དེ་མྱི་ཐུབ། །​འཇིག་རྟེན་གསུམ་པོ་ཀུན་ནའང་མཆོད་པར་འགྱུར། །​བྱང་ཆུབ་ཤིང་དབང་དྲུང་དུ་དེ་མྱུར་འགྲོ། །​སོང་ནས་སེམས་ཅན་ཕན་ཕྱིར་དེར་འདུག་སྟེ། །​བྱང་ཆུབ་སངས་རྒྱས་འཁོར་ལོ་རབ་ཏུ་བསྐོར། །​བདུད་རྣམས་སྡེ་དང་བཅས་པ་ཐམས་ཅད་བཏུལ། །​གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །​འཆང་བ་དང་ནི་ཀློག་གམ་སྟོན་པ་ཡི། །​དེ་ཡི་རྣམ་པར་སྨིན་པ་སངས་རྒྱས་མཁྱེན། །​བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །​འཇམ་དཔལ་ཇི་ལྟར་མཁྱེན་ཅིང་དཔའ་བ་དང་། །​ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་གི་ནི་རྗེས་སུ་བདག་སློབ་ཅིང་། །​དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །​དུས་གསུམ་གཤེགས་པ་རྒྱལ་བ་ཐམས་ཅད་ཀྱིས། །​བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །​བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །​བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །​བདག་ནི་འཆི་བའི་དུས་བྱེད་གྱུར་པ་ན། །​སྒྲིབ་པ་ཐམས་ཅད་དག་ནི་ཕྱིར་བསྩལ་ཏེ། །​མངོན་སུམ་སྣང་བ་མཐའ་ཡས་དེ་མཐོང་ནས། །​བདེ་བ་ཅན་གྱི་ཞིང་དེར་རབ་ཏུ་འགྲོ། །​དེར་སོང་ནས་ནི་སྨོན་ལམ་འདི་དག་ཀྱང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh44-45.html?part=UT22084-037-007-8575#UT22084-037-007-8575