Degé Kangyur volume 79, F.137.b

གདུགས་དང་། རྒྱལ་མཚན་དང་། རྡོ་རྗེ་དང་། བུམ་པ་དང་། པདྨ་དང་། ལྕགས་ཀྱུའི་དབྱིབས་དང་། རྩེ་གཅིག་པ་དང་། རྩེ་གཉིས་པ་དང་། རྩེ་གསུམ་པ་དང་། མཆོག་དང་། འབྲིང་དང་། ཐ་མ་དང་། ཁྱད་པར་དུ་གཡས་སུ་འཁྱིལ་བ་དང་། འབར་བའི་ཁ་དོག་དཀར་པོ་དང་། བཟང་པོའི་འཁྱིལ་བ་མཁས་པས་བརྟག་པར་བྱ་བ་དང་། བརྒྱ་བྱིན་གྱི་གཞུ་ལྟ་བུར་གཙང་བ་དང་། སྣུམ་པ་དང་། དབང་པོ་སྦས་པ་ལྟ་བུའི་འོད་དང་། ཀུ་སུམ་བྷ་དང་། བཻ་ཌཱུརྱ་ལྟ་བུ་དང་། དྲི་ཞིམ་པ་དང་། ཡིད་དུ་འོང་བ་དང་། གསེར་དང་། །​དངུལ་ལྟ་བུ་དང་། དུ་བ་མེད་པ་དང་། ཉི་མ་ལྟ་བུ་འབར་བ་དང་། དྲི་མ་མེད་པ་དང་། ཞི་བ་ལ་ཁ་དོག་དཀར་པོ་ལྟ་བུ་དང་། རྒྱས་པ་ལ་ནི་སེར་པོ་ལྟ་བུ་དང་། རྗེས་སུ་ཆགས་པ་ལ་ནི་དམར་པོ་མཆོག་དང་། མངོན་སྤྱོད་ལ་ནི་སྔོན་པོ་དང་། ནག་པོ་དང་། མེ་ལྕེ་མང་བ་དང་། དུ་བ་དང་། མེ་སྟག་ཐམས་ཅད་ཡང་དག་པར་ལངས་པ་དང་། ཆུང་ངུ་ཆུང་ངུར་འཆད་པ་དང་། མྱུར་བར་གཟི་བརྗིད་ཆུང་བ་དང་། ནག་པོ་དང་བཅས་པ་དང་། པ་ལ་ཤའི་མདོག་དང་། རྩེ་གསུམ་པ་དང་། ཉི་མ་ལྟ་བུ་ཉིད་དང་། དེ་བཞིན་དུ་བ་གླང་གི་མགོ་ལྟ་བུ་ཉིད་དང་། རོའི་དྲི་དང་། ཉའི་དྲི་དང་། བོང་བུའི་དང་། ཁྱིའི་དང་། རྔ་མོའི་ནི་བགེགས་དང་། བགེགས་མེད་པའི་འབར་བའི་མཚན་མ་མཚོན་པར་བྱ་བ་ཡིན་ནོ། །​མྱུར་བར་བཟླས་པ་དང་། བསྒོམ་པ་ལ་དགའ་བས་དེ་ལྟར་འགྲུབ་པར་འགྱུར་རོ། ཨོྃ་དང་པོ་དང་། སྭཱ་ཧཱ་མཐར་འགྲོ་བའི་སྔགས་བརྗོད་དོ། །​ཞི་བ་དང་། རྒྱས་པ་དང་། དབང་ལ་རྒྱུན་མི་འཆད་པར་དབྱངས་སྦྱར་བར་བྱ་ཞིང་། ཞི་བ་ལ་ཞི་བའི་ཡིད་དང་། རྒྱས་པ་ལ་ཚིམ་པས་མངོན་པར་འཕེལ་བར་འགྱུར་བ་དང་། དབང་ལ་དབང་གི་ཡིད་དང་། མྱོས་པར་བྱེད་ཅིང་ནང་གི་གུས་པ་དང་བཅས་པ་དང་། མངོན་སྤྱོད་ལ་ཧཱུྃ་དང་ཕཊ་ཀྱིས་ལུས་འབར་ཞིང་འབར་བ་དང་། འཇིག་རྟེན་གསུམ་བཟའ་བའི་སེམས་ཀྱི་ཆོ་གས་གནས་སོ། །​སྔགས་ཀྱི་ཡི་གེའི་རྐང་པ་ཡི། །​ནང་དུ་ཆུད་པས་བསྐུལ་བས་སྦྱར། །​གང་ཡང་ཁ་དང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh381.html?part=UT22084-079-008-9129#UT22084-079-008-9129