།དེ་རྣམས་དབུས་སུ་ཟེ་འབྲུ་ལ། །དམ་པའི་དབང་ཕྱུག་མ་ཡོད་དོ། །སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ནི། །ཡི་གེ་དམ་པ་ཡོངས་སུ་བསྐོར། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་སྡེ་ཚན་གཙོ་བོ་ནི། །ལུས་ཅན་རྣམས་ཀྱི་སྔགས་ཀུན་ནི། །འདི་ཉིད་ལས་ནི་ཡང་དག་བྱུང་། །གང་ཞིག་རལ་གྲི་མིག་སྨན་དང་། །རྐང་བྱུག་རིལ་བུ་རྐང་འོག་དང་། །གནོད་སྦྱིན་མོ་ཡི་ཡན་ལག་མ། །འཇིག་རྟེན་གསུམ་གྱི་ཁོངས་སུ་རྒྱུ། །དངུལ་ཆུའི་འགྲོ་བས་རྗེས་སུ་འབྲང་། །གང་ཞིག་ཐམས་ཅད་མཐུ་ཆེ་བ། །རང་གི་ཁྱིམ་དུ་ལྔ་བཅུ་འདོད་པ་དང་ལྡན་པར་འགྲུབ་བོ། །དེ་ནི་སྡེ་ཚན་བརྒྱད་ནང་སོན། །དབྱངས་མཆོག་སྡེ་ཚན་བདག་ཉིད་འབྱིན། །སྐྱེ་བོ་རྣམས་ཀྱི་ཚིག་རྒྱས་པ། །གང་ཞིག་ཅུང་ཟད་རྟོགས་བྱ་བ། །དེ་ཀུན་སྔགས་ཀྱི་གཟུགས་ཀྱིས་ནི། །དེ་ཕྱིར་རབ་ཏུ་སྐྱེ་བར་འགྱུར། །ལུས་ཅན་རྣམས་ནི་ཐམས་ཅད་ཀྱི། །སྒྲ་ནི་སྔགས་ཞེས་བརྗོད་པར་བྱ། །སྣ་ཚོགས་མདུད་པའི་གནས་ཆེན་ལས། །ཆོས་ཀྱི་ར་ལི་རྣམ་པར་འབྱུང་། །དངོས་གྲུབ་རྫུ་འཕྲུལ་རྣམ་གནས་པའི། །སྔགས་དང་ངེས་པ་གང་ཡང་མེད། །རང་བཞིན་གྱིས་ནི་མ་སྐྱེས་པའི། །སྔགས་ཀྱི་ཡིག་འབྲུ་དབང་ཕྱུག་མཆོག །ཡང་དག་སྦྱོར་བྱུང་མཚན་ཉིད་ནི། །དེ་ནས་མཆོག་ཏུ་རབ་བཤད་བྱ། །ཨེ་ནི་ས་རུ་ཤེས་པར་བྱ། །ལས་ཀྱི་ཕྱག་རྒྱ་སྤྱན་མ་ཉིད། །སྙིང་རྗེ་ཆེན་མོ་ཐབས་ཆེན་མོ། །རང་བཞིན་སྣ་ཚོགས་སྤྱོད་ཡུལ་མ། །ལྟེ་བར་སྣ་ཚོགས་འདམ་སྐྱེས་ལ། །སྤྲུལ་པའི་འཁོར་ལོར་རྣམ་པར་གནས། །བྃ་ནི་ཆུ་རུ་ཤེས་པར་བྱ། །ཆོས་ཀྱི་ཕྱག་རྒྱ་མཱ་མ་ཀཱི། །བྱམས་པ་དང་ནི་སྨོན་ལམ་ཚུལ། །ལྷ་མོ་རྡོ་རྗེའི་རིགས་གཙོ་མ། །སྙིང་གར་ཆུ་སྐྱེས་འདབ་བརྒྱད་ལ། །ཆོས་ཀྱི་འཁོར་ལོར་ཡང་དག་གནས། །མ་ནི་མེ་རུ་བརྗོད་པ་སྟེ། །ཕྱག་རྒྱ་ཆེན་མོ་གོས་དཀར་མོ། །དགའ་དང་སྟོབས་ཀྱི་རྣལ་འབྱོར་གྱིས། །ལྷ་མོ་པདྨའི་རིགས་བྱུང་མ། །ལྐོག་མར་ཆུ་སྐྱེས་འདབ་བརྒྱད་གཉིས། །ལོངས་སྤྱོད་འཁོར་ལོར་ཡང་དག་གནས། །ཡཱ་ནི་རླུང་གི་རང་བཞིན་ཏེ། །ཉོན་མོངས་ཐམས་ཅད་རབ་འཇོམས་བྱེད། །དམ་ཚིག་ཕྱག་རྒྱ་ཆེན་མོར་ངེས། །ལྷ་མོ་ལས་ཀྱི་རིགས་གཙོ་མ།