Degé Tengyur volume 93, F.3.b

དམ་པའི་ཆོས་ལ་རིམ་གྲོ་བསྐྱེད་པའི་ཕྱིར་དེ་ལྟར་འབྱུང་བའི་བརྟན་པ་ཐ་མར་མཇུག་བསྡུ་བར། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཞེས་བསྟན་ཏོ། །​དུས་གཅིག་ན་ཞེས་བྱ་བ་ནི་གང་ཡང་རུང་བའི་དུས་ན་ཞེས་བྱ་བའི་ཐ་ཚིག་གོ། །​ཅིའི་ཕྱིར་དུས་ངེས་པ་མ་མཛད་ཅེ་ན། དགོས་པ་མེད་པའི་ཕྱིར་ཏེ། དེ་ལ་ཉི་མ་འདི་ལ། ཚེས་གྲངས་འདི་ལ། ཟླ་བ་འདི་ལ། དུས་འདི་ལ་ཞེས་བྱ་བའི་ཚིག་ནི་གང་དུ་ཡང་དགོས་པ་མེད་དེ། མི་དགོས་པ་ནི་བཤད་པར་མི་རིགས་སོ། །​མཆོད་རྟེན་གྱི་གནས་བསྟན་པ་ནི། སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ཚོགས་སྤེལ་བར་བྱ་བ་དང་། རྩོད་པ་མེད་པའི་ཕྱིར་གནས་བསྟན་པ་ནི་རིགས་སོ། །​ཡང་ན་རྩོད་པ་མེད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་དེ་བཞིན་གཤེགས་པ་ནི་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ཀྱི་ཚེ་འཇིག་རྟེན་གྱི་ཁམས་སྣ་ཚོགས་དང་། གནས་སྣ་ཚོགས་སུ་གདུལ་བྱ་ཐ་དད་པའི་བྱང་ཆུབ་སེམས་དཔའ་རྣམས་སམ། གཞན་དག་ལ་ཡང་བཤད་པ་སྣ་ཚོགས་ཀྱིས་བསྟན་པར་སྣང་བའི་ཕྱིར་ཏེ། གལ་ཏེ་དེ་དག་ཐམས་ཅད་གཅིག་ཏུ་འདུས་པར་གྱུར་ན་བྱང་ཆུབ་སེམས་དཔའ་འམ་གཞན་དག་ཀྱང་རུང་སྟེ། འདི་སྐད་དུ་དེའི་ཚེ་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཁམས་འདིར་ཡུལ་འདི་ཞེས་བྱ་བ་ན་བདག་ཅག་གི་དེ་ན་བཞུགས་སོ། །​བདག་ཅག་གི་དེ་ན་བཞུགས་སོ། །​ཞེས་བ་རྩོད་པ་འམ་ཡིད་གཉིས་སུ་འགྱུར་ཏེ། དེ་ལྟ་བུར་འགྱུར་གྱིས་དོགས་པའི་ཕྱིར་ཐམས་ཅད་དུ་ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་དུས་ངེས་པ་མ་མཛད་དོ། །​ཡང་ན་རྒྱལ་པོའི་ཁབ་ཏུ་ལན་མང་དུ་བཞུགས་པའི་ཕྱིར་རྒྱལ་པོའི་ཁབ་ན་བཞུགས་པའི་དུས་གཅིག་ཅིག་ན་ཞེས་བཤད་པར་བཞེད་ནས། གཅིག་ན་ཞེས་བྱ་བའི་ཚིག་སྨོས་པར་སྦྱར་རོ། །​བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལྡན་པའམ། ཡང་ན་འདི་ལ་ལེགས་པ་མངའ་བས་ན་བཅོམ་ལྡན་འདས་ཞེས་བྱ་སྟེ། ལེགས་པ་ཞེས་བྱ་བ་ནི་དབང་ཕྱུག་དང་། ཡེ་ཤེས་དང་། གྲགས་པ་དང་། དཔལ་དང་། བསོད་ནམས་དང་། བརྩོན་འགྲུས་རྣམས་ལ་བྱའོ། །​དེ་དག་ཐམས་ཅད་ཀྱང་དོན་དམ་པར་ན་དེ་བཞིན་གཤེགས་པ་ཉིད་ལ་མངའ་བས་ན། བཅོམ་ལྡན་འདས་ཞེས་བྱའོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-11915#UT23703-093-001-11915