Degé Tengyur volume 93, F.3.a

སྐད་བཀའ་སྩལ་ཏོ་ཞེས་ནི་མ་བརྗོད་དོ། །​དོན་དམ་པ་ནི་བརྗོད་དུ་མེད་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་ཀྱིས་གཞན་དག་ལ་ཆོས་མི་སྟོན་ཏོ། །​དེ་བཞིན་གཤེགས་པ་ནི་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་རྟག་ཏུ་མཉམ་པར་གཞག་པ་ཡིན་ཡང་འོན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུ་དང་། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་གདུལ་བྱ་རྣམས་བདག་བདག་གི་སྐད་རྣམས་ཀྱིས་ཆོས་བསྟན་པ་འབྱུང་སྙམ་དུ་དེ་ལྟ་དེ་ལྟར་ཤེས་སོ། །​ཇི་སྐད་དུ་ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེའི་འབྲུ་གཅིག་ཀྱང་མ་གསུངས་སོ། །​གསུང་བར་མི་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་སྟེ། དེ་བཞིན་གཤེགས་པ་ལ་དབུགས་དབྱུང་བའམ་རྔུབ་པ་མི་མངའོ། །​རྣམ་པར་མི་རྟོག་གོ། །​རྣམ་པར་མི་དཔྱོད་དོ། །​རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་མེད་ན་ངག་མི་འབྱུང་སྟེ། དེ་བཞིན་གཤེགས་པ་དེ་ཡང་རྣམ་པར་མི་རྟོག །​རྣམ་པར་མི་དཔྱོད། རྣམ་པར་རིག་པར་མི་མཛད། རྣམ་པར་རྟོག་པར་མི་མཛད། མི་གསུང་། མི་བརྗོད། གསུང་བར་མི་མཛད་ཀྱང་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་འདི་གསུང་ངོ་སྙམ་མོ། །​དེ་བཞིན་གཤེགས་པ་ནི་ཤིན་ཏུ་མཉམ་པར་གཞག་པ་སྟེ། ཡི་གེ་རྣམ་པར་རིག་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་རིག་པར་མི་མཛད་ཀྱང་། སེམས་ཅན་ཡི་གེ་ལྷུར་ལེན་པ་རྣམས་འདི་སྙམ་དུ་སེམས་ཏེ། དེ་བཞིན་གཤེགས་པ་ནི་བདག་ཅག་ལ་ཆོས་སྟོན་ནོ་སྙམ་མོ། །​དེ་བཞིན་གཤེགས་པའི་གསུང་གི་སྒྲ་འབྱུང་བ་དེ་ནི་ནམ་མཁའ་ལས་འབྱུང་ན་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ། སྒྲ་འདི་ནི་དེ་བཞིན་གཤེགས་པའི་ཞལ་གྱི་སྒོ་ནས་འབྱུང་ངོ་སྙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །​ཆོས་ཀྱི་སྐུའི་དབང་གིས་འབྱུང་བས་ན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh3808.html?part=UT23703-093-001-11914#UT23703-093-001-11914