Degé Kangyur volume 76, F.7.b

མལ་སྟན་ནམ། གཞན་ཡང་གང་ཅི་ཡང་རུང་སྟེ་ཅི་འདོད་པ་དེ་དང་དེ་དག་ནམ་མཁའ་ལས་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དེ། དེས་སེམས་བསྐྱེད་ན་དེ་ལ་འོང་བར་འགྱུར་ལ། སུ་ཡང་དོན་དེ་མི་ཤེས་སོ། །​དེས་ཡོ་བྱད་དེ་དག་གིས་སློང་བ་དག་གི་བསམ་པ་ཡོངས་སུ་རྫོགས་པར་བྱས་ནས་ཕྱིར་འདོང་ངོ་། །​དེའི་གྲགས་པས་འཛམ་བུའི་གླིང་ཐམས་ཅད་ཀུན་ཏུ་གང་བར་གྱུར་ཏེ། འོག་ཏུ་ཀླུའི་འཇིག་རྟེན་ཐམས་ཅད་ནས་སྟེང་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་སྒྲ་གྲགས་སོ། །​དེ་ནས་ཕྱིས་རེ་ཞིག་ན་གཞོན་ནུ་བསོད་ནམས་སྟོབས་ཕུ་བོ་བཞི་དང་ལྷན་ཅིག་ཏུ་འབྱོར་བ་མཆོག་གིས་སྐྱེད་མོས་ཚལ་དུ་འཁྱམ་དུ་དོང་ངོ་། །​དེའི་བར་གྱི་ལམ་དུ་ཡི་དགས་མཆུ་ཁབ་ཙམ་ལ་ལྟོ་རི་རབ་ཙམ་སྟེ། ཀེང་རུས་བསྒྲེང་བ་འདྲ་ཞིང་ལུས་ཤིན་ཏུ་འབར་བ་ཐལ་མོ་སྦྱར་བ་སྟོང་ཕྲག་དུ་མ་དག་གིས་ཡོངས་སུ་བསྐོར་ཏེ། གཞོན་ནུ་བསོད་ནམས་སྟོབས་མ་གཏོགས་པར་སུས་ཀྱང་ཡི་དགས་དེ་དག་མི་མཐོང་ངོ་། །​དེ་ནས་ཡི་དགས་དེ་དག་གིས་གཞོན་ནུ་བསོད་ནམས་སྟོབས་ལ་སྨྲས་པ། གཞོན་ནུ་ཁྱོད་བསོད་ནམས་ཀྱིས་ཆེ་བར་གྲགས་པ། སྙིང་རྗེ་ཆེན་པོ་ཡིན་ན། བདག་ཅག་བཀྲེས་ཤིང་སྐོམ་པས་ཉམ་ཐག་པ་རྣམས་ལ་ཟས་དང་སྐོམ་བྱིན་ཅིག །​བདག་ཅག་ནི་སེར་སྣའི་དབང་དུ་གྱུར་ཏེ། ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེས་པས་ལོ་བརྒྱ་ཕྲག་དུ་མར་ཆུ་ཡང་མི་རྙེད་ན་ཁ་ཟས་ལྟ་ག་ལ་མཐོང་། དེ་སྐད་ཅེས་སྨྲས་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱི་སེམས་སྙིང་རྗེས་ཀུན་ཏུ་བསྐྱོད་ནས་སྐྱེན་པར་ནམ་མཁའ་ལ་བལྟས་ཏེ། ཀྱེ་མ་ལྷའི་བཟའ་བ་དང་བཏུང་བ་བདག་ལ་འོངས་ཀྱང་ཅི་མ་རུང་སྙམ་དུ་སེམས་བསྐྱེད་དོ། །​དེ་ནས་གློ་བུར་དུ་ལྷའི་བཟའ་བ་དང་བཏུང་བ་ནམ་མཁའ་ལས་འོངས་སོ། །​དེ་ནས་གཞོན་ནུ་བསོད་ནམས་སྟོབས་ཀྱིས་ཡི་དགས་རྣམས་ལྷའི་བཟའ་བ་དང་བཏུང་བས་ཡང་དག་པར་ཚིམ་པར་བྱ་བ་ལ་ཞུགས་སོ། །​དེ་ནས་རེ་ཞིག་ན་ཡི་དགས་དེ་དག་གིས་སྔོན་གྱི་ལས་ཀྱི་ཉེས་པས་བཟའ་བ་དང་། བཏུང་བ་དེ་དག་མ་མཐོང་ནས་འདི་སྐད་ཅེས་སྨྲས་ཏེ། གཞོན་ནུ་ཁྱོད་སྙིང་རྗེ་ཅན་ཞིག་ཅེས་གྲགས་ན། ཅིའི་ཕྱིར་བདག་ཅག་ཚིམ་པར་མི་བྱེད།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh347.html?part=UT22084-076-001-388#UT22084-076-001-388