Degé Kangyur volume 76, F.1.b

༄༅༅། །​རྒྱ་གར་སྐད་དུ། པུ་ཎྱ་བ་ལ་ཨ་བ་དཱ་ན། བོད་སྐད་དུ། བསོད་ནམས་ཀྱི་སྟོབས་ཀྱི་རྟོགས་པ་བརྗོད་པ། བམ་པོ་དང་པོ། སངས་རྒྱས་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་དང་ལྡན་ན་སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་གནས་པར་མི་བྱེད་དེ། གསུམ་གང་ཞེ་ན། འདི་ལྟར་ཆགས་པ་དང་སེར་སྣ་དང་བག་མེད་པ་རྣམས་ཏེ། དགེ་སློང་དག་འདི་ན་མི་བླུན་པོ་ལ་ལ་དམ་པའི་ཆོས་མ་ཡིན་པ་གསུམ་པོ་འདི་དག་དང་ལྡན་པས་སྦྱིན་པ་དག་མ་བྱིན་ཞིང་བསོད་ནམས་དག་མ་བྱས་ལ། ཚུལ་ཁྲིམས་ཡང་དག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh347.html?part=UT22084-076-001-376#UT22084-076-001-376