Degé Kangyur volume 74, F.50.a

རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་སྟེ། ཀྱེ་མ་དགེ་བའི་རྩ་བ་འདིས་ན་བདག་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སུ་གྱུར་ཅིག་ཅེས་བྱས་སོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་པན་ཙ་ལའི་རྒྱལ་པོ་དེ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །མ་འོངས་པའི་དུས་ན་རྒྱལ་པོ་ཆེན་པོ་ཁྱོད་འཇིག་རྟེན་ལོང་བ་འདྲེན་པ་མེད་པ་སྟོན་པ་མེད་པར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་རྣམ་པར་རྒྱལ་བ་ཞེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །​ལས་བརྒྱ་ཐམ་པ་ལས། སྡོམ་གྱི་ཚིགས་སུ་བཅད་པ་བརྒྱད་པ་རྫོགས་སོ།​། །​།སྡོམ་ནི། བུ་དང་རི་ཡི་གཅོང་རོང་གླུད། །​འཐབ་དང་རྙིས་བཟུང་གོང་མ་སྲེག ། ཕག་དང་མི་རྒོད་ཤ་ཟ་དང་། །​དབང་པོའི་མགོ་ནི་ཐ་མ་ཡིན། །​བུ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན། བྲམ་ཟེ་ཞིག་གནས་ཏེ། དེས་ཐབས་ཟླར་བབ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས། ཕྱི་ཞིག་ན་དེའི་ཆུང་མ་ལ་བུ་ཆགས་ནས། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས། རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་། ཞུན་མར་དང་། མར་གྱི་ཉིང་གུས་བསྐྱེད་བསྲིངས་སོ། །​འདོད་པ་རྣམས་ནི་ཚྭ་ཆུ་དང་འདྲ་སྟེ། ཅི་ཙམ་དུ་བསྟེན་པ་དེ་ཙམ་དུ་སྐྱེ་བར་འགྱུར་རོ། །​དེ་ནས་ཕྱིས་ཀྱང་མཐར་གྱིས་བྲམ་ཟེའི་བུ་གཅིག་ནས་གཉིས་ནས་བདུན་གྱི་བར་དུ་བྱུང་ནས། དེ་རྣམས་རིགས་དང་འཐུན་པར་མིང་བཏགས་ཏེ། འོ་མ་དང་ཞོ་དང་། མར་དང་ཞུན་མར་དང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6782#UT22084-073-001-6782