Degé Kangyur volume 74, F.13.a

མཉམ་པ་དང་། ཐབས་མཉམ་པ་བརྙེས་པར་གྱུར་ནས། འདིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ།​། །​།ལས་བརྒྱ་ཐམ་པ། བམ་པོ་ཉི་ཤུ་བརྒྱད་པ། འོད་སྲུང་གཙོ་བོ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་རི་སུལ་ཞིག་ན་དྲང་སྲོང་འཁོར་ཁྲི་ཉིས་སྟོང་ཡོད་པ་ཞིག་གནས་ཏེ། དྲང་སྲོང་དེ་ཡང་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཕྱིན་པ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་ཞིག་སྟེ། དེས་བྲམ་ཟེ་ཁྲི་ཉིས་སྟོང་པོ་དེ་དག་བསམ་གཏན་བཞི་དང་། མངོན་པར་ཤེས་པ་ལྔ་ལ་བཀོད་དོ། །​དེ་ནས་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། མཚོ་ཆེན་པོ་མ་དྲོས་པའི་ནང་དུ་ལས་ཀྱི་རྣམ་པར་སྨིན་པ་ལུང་བསྟན་ནས། མཚོ་དེ་ཉིད་ཀྱི་ནང་ནས་འཁོར་ལྔ་བརྒྱ་དང་། ནམ་མཁའ་ལས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །​དྲང་སྲོང་དེ་འཁོར་དང་བཅས་པས་ཀྱང་བཅོམ་ལྡན་འདས་མཚོ་དེ་ཉིད་ཀྱི་ནང་ནས་ནམ་མཁའ་ལ་གཤེགས་པ་མཐོང་ངོ་། །​མཐོང་མ་ཐག་ཏུ་བཅོམ་ལྡན་འདས་ལ་དགའ་བར་གྱུར་ནས། ཐམས་ཅད་བོར་ཏེ། བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ཞིང་། དེ་དག་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞུགས་ནས། བཅོམ་ལྡན་འདས་ག་ལ་བཞུགས་པ་དེར་དོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འཁོད་དོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱི་བསམ་པ་དང་། བག་ལ་ཉལ་དང་། ཁམས་དང་ཤེས་པ་དང་། རང་བཞིན་ཐུགས་སུ་ཆུད་ནས། དེ་དང་འཐུན་པའི་ཆོས་བསྟན་ཏེ། དེས་ན་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་ཀྱིས་སྟན་དེ་དག་ཉིད་ལ་འཁོད་བཞིན་དུ་བདེན་པ་རྟོགས་པའི་མོད་ལ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་སོ། །​དྲང་སྲོང་གཙོ་བོ་དེས་ནི་ཐོས་པས་རྒྱགས་ཤིང་དྲེགས་པས་ཅི་ཡང་མ་ཐོབ་བོ། །​དེ་ནས་དྲང་སྲོང་ཁྲི་ཉིས་སྟོང་པོ་དེ་རྣམས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6708#UT22084-073-001-6708