Degé Kangyur volume 73, F.287.a

གི་དངོས་པོར་འགྱུར་བར་འཚལ་ན། བཅོམ་ལྡན་འདས་ཀྱིས་ཐུགས་བརྩེ་བའི་སླད་དུ་རབ་ཏུ་འབྱུང་བར་མཛད་པར་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་རབ་བཟང་ལ་དགེ་སློང་ཚུར་ཤོག་ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་དེ་ཐོས་མ་ཐག་ཏུ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ཆོས་གོས་སྣམ་སྦྱར་ནི་གྱོན། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་འདུག་པར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །​འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །​དེ་ནི་སྐྲ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །​སངས་རྒྱས་ཀྱིས་ནི་དགོངས་པས་གོས་བགོས་ནས། །​མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་ལུང་ཕོག་སྟེ། དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་། འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས་གསེར་དང་བོང་བར་མཉམ་པ། ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ། ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ། རིག་པས་སྒོ་ངའི་སྦུབས་བཅོམ་པ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ། སྲིད་པའི་རྙེད་པ་དང་། ཆགས་པ་དང་། བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །​དེ་ནས་ཚེ་དང་ལྡན་པ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བ་མཐོང་བར་བྱ་བ་ནི་བདག་གི་ཆ་མ་ཡིན་གྱིས། མ་ལ་བདག་གིས་བྱིན་གྱི་རླབས་རྣམ་པ་ལྔ་བྱིན་གྱིས་བརླབས་ལ། དེ་བས་སྔར་ཡོངས་སུ་མྱ་ངན་ལས་འདས་པར་བྱའོ་སྙམ་ནས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་དགེ་སློང་གི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །​མུ་སྟེགས་པ་གཞན་རྣམས་ཀྱིས་ནི་མུ་སྟེགས་པའི་ཆ་ལུགས་སུ་མཐོང་བར་གྱུར་ཅིག །​ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདེ་བླག་ཏུ་བདག་གི་ཐད་དུ་འོང་ནུས་པར་གྱུར་ཅིག །​མུ་སྟེགས་པ་གཞན་དག་ཞིག་གིས་ནི་ཆུ་ཆེན་པོས་བསྐོར་བར་མཐོང་བར་གྱུར་ཅིག །​ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་ནི་བདག་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6639#UT22084-073-001-6639