Degé Kangyur volume 73, F.285.a

བཟང་ལ་སྨྲས་པ། ཨུ་དུམ་བཱ་རའི་ཚལ་འདི་ནི་ཁྱོད་ཀྱི་བསོད་ནམས་ཀྱིས་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་གྱུར་པ་མ་ཡིན་གྱི། ས་ཕྱོགས་འདི་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྐྱེད་མོས་ཚལ་གྱིས་ཡིན་ཏེ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འབྱུང་ངམ། བྱང་ཆུབ་སེམས་དཔའ་འབྱུང་བར་འགྱུར་བ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདིར་མེ་ཏོག་རྣམས་ཁ་འབུ་བར་འགྱུར་རོ། །​གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྒྱལ་སར་ཞུགས་པའམ། བྱང་ཆུབ་སེམས་དཔས་བླ་ན་མེད་པའི་ཡེ་ཤེས་བརྙེས་པར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདི་རྣམ་པ་ཐམས་ཅད་དུ་མེ་ཏོག་རྒྱས་པར་འགྱུར་རོ། །​གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲོངས་སུ་ཉེ་བའམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདར་ཉེ་བར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་གྱི་མེ་ཏོག་འདི་རྣམས་རྙིས་པར་འགྱུར་རོ། །​གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གྲོངས་སམ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་དེའི་ཚེ་ནི་ཨུ་དུམ་བཱ་རའི་ཚལ་འདིའི་མེ་ཏོག་རྣམས་སྐམ་པར་འགྱུར་ཏེ། ད་ལྟར་ཡང་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ནས་དེ་གཟིམས་མལ་གྱི་ཐ་མར་ཞུགས་ཏེ། དོ་ནུབ་ནམ་ཕྱེད་ན་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། དེའི་དབང་གིས་ཨུ་དུམ་བཱ་རའི་ཚལ་དེ་རྙིས་པར་གྱུར་གྱིས་ཁྱོད་དེའི་རྒྱུས་ཧ་ཅང་མྱ་ངན་མ་བྱེད་ཅིག །​སྡུག་བསྔལ་བར་མ་བྱེད་ཅིག །​སྨྲེ་སྔགས་མ་འདོན་ཅིག་ཅེས་བྱས་སོ། །​དེ་ནས་ཀུན་ཏུ་རྒྱུ་རབ་བཟང་འདི་སྙམ་དུ་སེམས་ཏེ། བདག་ཆོས་རྣམས་ལ་ཡང་ཐེ་ཙོམ་ཡོད། བདག་ལ་རེ་བ་ཡང་ཡོད་ལ། བཅོམ་ལྡན་འདས་གཽ་ཏ་མ་དེས་ཀྱང་བདག་གི་ཐེ་ཙོམ་དེ་སེལ་བར་ནུས་ཀྱིས། མ་ལ་བདག་བཅོམ་ལྡན་འདས་གཽ་ཏ་མ་དེ་ག་ལ་བ་དེར་སོང་ལ་དེར་ཕྱིན་ནས་ཞུ་བ་ལུང་བསྟན་པར་གནང་ན་ཕྱོགས་འགའ་ཞིག་ཞུའོ་སྙམ་ནས་ཨུ་དུམ་བཱ་རའི་ཚལ་ནས་མི་སྣང་བར་གྱུར་ཏེ་གྲོང་ཁྱེར་ཀུ་ཤི་ན་གྱད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚལ་དུ་ཕྱིན་པར་གྱུར་ཏོ། །​དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ་ནི་ཀུན་དགའ་ར་བའི་སྒོའི་ཐད་ཀྱི་འཆག་ས་ན་འཆག་ཅིང་འདུག་གོ། །​དེ་ནས་ཀུན་ཏུ་རྒྱུ་རབ་བཟང་གིས་ཚེ་དང་ལྡན་པ་ཀུན་དགའ་བོ་ཐག་རིང་པོ་ཞིག་ནས་མཐོང་ངོ་། །​མཐོང་ནས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་ཀུན་དགའ་བོ་བདག་གིས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6635#UT22084-073-001-6635