Degé Kangyur volume 73, F.266.b

ཁ་ཆེའི་ཡུལ་བཙུགས་ནས་དེར་བསྟན་པ་གནས་པར་བྱས་ཏེ། རྒྱས་པར་བྱས་ནས་དེ་བཞིན་དུ་ཁྱིམ་བདག་གསོ་མ་ཅན་རབ་ཏུ་ཕྱུང་སྟེ། དེས་ཀྱང་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཁྱོད་ཀྱིས་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །​གསོ་མ་ཅན་ལ་ཡང་འདི་སྐད་ཅེས་གྱིས་ཤིག །​ཁྱོད་ཀྱིས་ཀྱང་ཀླུའི་རྒྱལ་པོ་གར་མཁན་དང་དཔའ་བོ་གཉིས་བཏུལ་ཏེ། གར་མཁན་དང་དཔའ་བོའི་དགོན་པའི་གནས་བཙུགས་ནས། དེ་བཞིན་དུ་ཡུལ་བཅོམ་བརླག་ཏུ་སྤོས་འཚོང་སྲུང་བ་ཞེས་བྱ་བ་ཞིག་ཡོད་དེ། དེའི་བུ་ཉེ་སྲུང་ཞེས་བྱ་བ་ཞིག་འབྱུང་བར་འགྱུར་བ་དེ་རབ་ཏུ་ཕྱུང་ནས། དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ནས། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །ཉེ་སྲུང་ལ་ཡང་འདི་སྐད་ཅེས་གྱིས་ཤིག །​ཁྱོད་ཀྱིས་ཀྱང་རིགས་ཀྱི་བུ་བློ་ལྡན་རབ་ཏུ་ཕྱུང་སྟེ་དེས་ཀྱང་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་ལ་ཡང་ཐོས་པ་རྣམས་མ་གཏད་ཀྱི་བར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག །​དེ་ལ་ཡང་འདི་སྐད་ཅེས་གྱིས་ཤིག །​ཁྱོད་ཀྱིས་ཀྱང་ཡུལ་དམར་ཅན་གྱི་བུ་ཞེས་བྱ་བར་ཟས་དུག་ཅན་གྱི་བསམ་པ་མ་བྱས་ཀྱི་བར་དུ། ཡོངས་སུ་མྱ་ངན་ལས་འདའ་བར་མ་བྱེད་ཅིག་ཅེས་གྱིས་ཤིག་ཅེས་གསུངས་སོ། །​དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་འཚལ་ལོ། །​དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་བཀའ་སྩལ་པ། འོད་སྲུང་ཁྱོད་སོང་ལ་སོ་སོ་སྐྱེ་བོའི་དགེ་འདུན་དག་ཁྲིད་དེ་ལྗོངས་རྒྱུ་ཞིང་སོང་ཤིག་ང་ཡོངས་སུ་མྱ་ངན་ལས་འདས་པ་དང་དེའི་སྔ་རོལ་ཏུ་འཁྲུག་ལོང་བྱེད་པར་མི་འགྱུར་བར་གྱིས་ཤིག །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6598#UT22084-073-001-6598