Degé Kangyur volume 73, F.260.a

དེས། ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །​དགེ་སློང་དག་ང་ནི་གལ་ཏེ་བདེ་བ་ཡང་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ། བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ་བསམ་གཏན་བཞི་པ་ཡོངས་སུ་རྫོགས་པར་བྱས་ཏེ། གནས་པར་འདོད་ན་ཡང་ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ། གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །​དགེ་སློང་འོད་སྲུང་ཡང་གལ་ཏེ་བདེ་བ་སྤངས་ཏེ། སྔ་ནས་སྡུག་བསྔལ་ཡང་སྤངས་ཤིང་། ཡིད་བདེ་བ་དང་ཡིད་མི་བདེ་བ་ཡང་ནུབ་པས་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་བཏང་སྙོམས་དང་དྲན་པ་ཡོངས་སུ་དག་པ། བསམ་གཏན་བཞི་པ་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་འོད་སྲུང་ཡང་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །​དགེ་སློང་དག་ང་ནི་གལ་ཏེ་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ་ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པ་དང་དེ་བཞིན་དུ་གཉིས་པ་དང་དེ་བཞིན་དུ་གསུམ་པ་དང་དེ་བཞིན་དུ་བཞི་པ་དང་བླ་དང་འོག་དང་ཐད་ཀར་རྣམ་པ་ཐམས་ཅད་དུ་འཇིག་རྟེན་འདི་དག་ཐམས་ཅད་བྱམས་པ་དང་ལྡན་པའི་སེམས་འཁོན་མེད་པ་འགྲན་ཟླ་མེད་པ་གནོད་པ་མེད་པ་ཡངས་པ་རྒྱ་ཆེན་པོར་གྱུར་པ་གཉིས་སུ་མེད་པ་ཚད་མེད་པ་ཤིན་ཏུ་བསྒོམས་པས་ཕྱོགས་གཅིག་ཏུ་མོས་ཏེ། ཁྱབ་པར་བྱས་ནས་རྫོགས་པར་བྱས་ཏེ་གནས་པར་འདོད་ན་ཡང་། དགེ་སློང་དག་ང་ནི་གནས་དེས་ཉིན་གཅིག་གམ་མཚན་གཅིག་གམ་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་འམ་ཉིན་ཞག་བདུན་གྱི་བར་དུ་ཡང་གནས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6585#UT22084-073-001-6585