Degé Kangyur volume 73, F.238.b

བསྐྱེད་པའི་ཕྱིར། ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་དགེ་སློང་རྣམས་ལ་བཀའ་སྩལ་ཏེ། དགེ་སློང་དག་ཚོང་པ་ཆེ་གེ་མོ་ནི་ཞག་བདུན་ན་འཆི་བར་འགྱུར་རོ་ཞེས་བཀའ་སྩལ་ནས། སྒྲ་དེ་འབྲུ་མར་བཙིར་བ་བཞིན་དུ་ཀུན་ཏུ་གྲགས་སོ། །​ཚོང་པ་དེས་ཀྱང་ཐོས་ནས། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་ཇི་ལྟར་བདག་ཞག་བདུན་ན་འཆི་བར་འགྱུར་རོ། །​ཞེས་ལུང་བསྟན་པ་དེ་ཐོས་མ་ཐག་ཏུ། དེ་འཆི་བའི་འཇིགས་པ་ཆེན་པོ་སྐྱེས་ཏེ། དེ་འཇིགས་ཤིང་སྐྲག་ནས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་ག་ལ་བ་དེར་དོང་སྟེ་ཕྱིན་ནས། སངས་རྒྱས་འོད་སྲུང་ལ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་ཤི་འཕོས་ཏེ་དུས་ལས་འདས་ནས་ལྷར་སྐྱེས་སོ། །​དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་ཚོང་པར་གྱུར་པ་གང་ཡིན་པ་དེ་ནི་ཤཱཀྱ་མདའ་ཐོགས་འདི་ཁོ་ན་ཡིན་ཏེ། དེའི་ཚེ་ཡང་འདི་འཆི་བས་འཇིགས་ཞིང་སྐྲག་ནས་བསླབ་པའི་གཞི་རྣམས་བསྲུངས་ཏེ་མཐོ་རིས་སུ་སྐྱེས་སོ། །​ད་ལྟར་ཡང་འདི་འཆི་བས་འཇིགས་ཤིང་སྐྲག་ནས། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བསྲུངས་ཏེ་གཞི་དེ་ལས་མཐོ་རིས་སུ་འགྲོ་བ་དང་ཐར་བར་འགྲོ་བ་ཐོབ་པར་གྱུར་ཏོ།​། །​།བརྫིས་པ་ཞེས་བྱ་བ་ནི། གླེང་གཞི་མཉན་དུ་ཡོད་པ་ན་བཞུགས་ཏེ། དེའི་ཚེ་མཉན་དུ་ཡོད་པ་ན་བྲམ་ཟེ་ཞིག་འདུག་སྟེ། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་ལས་ཕྱི་ཞིག་ན། དེའི་ཆུང་མ་ལ་བུ་ཆགས་ཏེ། དེ་ཟླ་བ་དགུའམ་བཅུ་ལོན་པ་དང་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་བཙས་ཏེ། དེའི་བཙས་སྟོན་རྒྱས་པར་བྱས་ནས་རིགས་དང་འཐུན་པའི་མིང་བཏགས་ཏེ། འོ་མ་དང་ཞོ་དང་མར་དང་ཞུན་མར་དང་མར་གྱི་ཉིང་གུ་རྣམས་ཀྱིས་བསྐྱེད་བསྲིངས་ནས། དེ་གང་གི་ཚེ་ཆེར་སྐྱེས་པ་དེའི་ཚེ། ཁྱེའུ་དེ་ཡི་གེ་དང་། བྲམ་ཟེའི་སྤྱོད་ལམ་དང་། སྤྱོད་པ་དང་། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། གཙང་སྦྲ་དང་། ཆོ་ག་དང་། ཐལ་བ་བླང་བ་དང་། རིལ་བ་ཐོགས་པ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། མཆོད་སྦྱིན་བྱ་བ་དང་། མཆོད་སྦྱིན་བྱེད་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6542#UT22084-073-001-6542