Degé Kangyur volume 73, F.236.b

ཞེས་གསོལ་ནས། ཕྱི་བཞིན་འབྲང་བའི་དགེ་སློང་ཞིག་དང་ཤཱཀྱ་མདའ་ཐོགས་ཀྱི་ཁྱིམ་དུ་སོང་ངོ་། །​དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་དགེ་སློང་མ་འགགས་པ་བདག་གི་ཁྱིམ་དུ་འོངས་སོ་ཞེས་ཐོས་སོ། །​ཐོས་ནས་ཀྱང་ཕུ་ནུ་བོ་ལ་དགའ་བའི་ཕྱིར་དེའི་ཐད་དུ་སོང་ནས་རྐང་པ་ལ་ཕྱག་འཚལ་ཏེ་ཆོས་མཉན་པའི་ཕྱིར་མདུན་དུ་འདུག་གོ། །​དེ་ནས་ཚེ་དང་ལྡན་པ་མ་འགགས་པས་དེ་ཡོངས་སུ་སྨིན་པར་འགྱུར་བའི་གཏམ་བྱས་ནས་ཕྱིར་སོང་ངོ་། །​དེ་ནས་ཕྱིས་ཉིན་ཞག་གཉིས་པ་ལ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་བཏང་ངོ་། །​ཞག་གསུམ་པ་ལ་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་བཏང་ངོ་། །​ཞག་བཞི་པ་ལ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་བཏང་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས། དེ་ལ་ཅི་ནས་དེ་བཅོམ་ལྡན་འདས་ལ་དད་པ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་ནས་དེ་འཆི་བས་འཇིགས་ཤིང་སྐྲག་པར་གྱུར་ཏོ། །​དེ་ནས་ཞག་ལྔ་པ་ལ་བཅོམ་ལྡན་འདས་ཀྱིས་དེའི་སེམས་ཐུགས་ཀྱིས་མཁྱེན་ནས། ཉིད་མདའ་ཐོགས་ཀྱི་ཁྱིམ་དུ་གཤེགས་སོ། །​དེ་ནས་ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཐག་རིང་པོ་ཞིག་ནས་མཐོང་ངོ་། །​མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་ཤིན་ཏུ་དགའ་བར་གྱུར་ཏོ། །​དགའ་བར་གྱུར་ནས་བཅོམ་ལྡན་འདས་ཀྱི་གདན་བཤམས་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཚུར་གཤེགས་བཅོམ་ལྡན་འདས་གཤེགས་པ་ལེགས་སོ་ལེགས་སོ། །​བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་སུ་གསོལ། །​དེ་ནས་བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ནས། ཤཱཀྱ་མདའ་ཐོགས་ཀྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཆོས་མཉན་པའི་ཕྱིར་སྤྱན་སྔར་འདུག་གོ། །​དེར་བཅོམ་ལྡན་འདས་ཀྱིས་ཤཱཀྱ་མདའ་ཐོགས་ལ་བཀའ་སྩལ་པ། མདའ་ཐོགས་འདི་ལྟར་འཆི་བའི་འཇིགས་པ་འདི་ནི་འཇིགས་པ་རྣམས་ཀྱི་ནང་ན་ཕྲན་ཚེགས་ཙམ་དུ་ཟད་དོ། །​འདི་ལྟ་སྟེ། སེམས་ཅན་དམྱལ་བ་དང་དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ངན་སོང་གི་འཇིགས་པ་འདི་ནི་འཇིགས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ། །​དེས་གསོལ་པ། བཙུན་པ་སེམས་ཅན་དམྱལ་བ་དེ་དག་ཇི་ལྟ་བུ་ལགས།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6538#UT22084-073-001-6538