Degé Kangyur volume 73, F.203.a

ཟད་ཁྱད་པར་འགའ་ཞིག་ཐོབ་པར་གྱུར་པ་དེའི་ཚེ་བདག་ཅག་ལ་ལྟར་ཤོག་ཅིག་ཅེས་བྱས་སོ། །​དེ་ནས་དེ་ལྟར་བགྱིའོ་ཞེས་སྨྲས་ནས་ཁྱེའུ་དེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བདག་ཕ་མས་གནང་བ་ལགས་ན། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན་བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གི་བུ་དེ་དགེ་སློང་ཚུར་ཤོག་ཅེས་བྱ་བའི་ཚིག་གིས་རབ་ཏུ་ཕྱུང་སྟེ་བསྙེན་པར་རྫོགས་པར་མཛད་ནས་དེ་ལ་ལུང་ཡང་ཕོག་གོ། །​དེས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ནས་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། དེ་དགྲ་བཅོམ་པ་ཁམས་གསུམ་པའི་འདོད་ཆགས་དང་བྲལ་བར་གྱུར་ནས། གསེར་དང་བོང་བར་མཉམ་པ་ནམ་མཁའ་དང་ལག་མཐིལ་དུ་འདྲ་བའི་སེམས་དང་ལྡན་པ་ཙན་དན་སྦངས་པ་ལྟ་བུར་བསིལ་བར་གྱུར་པ་རིག་པས་སྒོ་ངའི་སྦུབས་བཅོམ་པ་རིག་པ་དང་མངོན་པར་ཤེས་པ་དང་སོ་སོ་ཡང་དག་པར་རིག་པ་ཐོབ་པ་སྲིད་པའི་རྙེད་པ་དང་ཆགས་པ་དང་བཀུར་སྟི་ལ་མི་ལྟ་བ། དབང་པོ་དང་ཉེ་དབང་དང་བཅས་པའི་ལྷ་རྣམས་ཀྱིས་མཆོད་ཅིང་རྗེད་པ་དང་གུས་པར་སྨྲ་བའི་གནས་སུ་གྱུར་ཏོ། །​དེས་དགྲ་བཅོམ་པ་ཉིད་ཐོབ་ནས་ཕ་མ་གཉིས་བདེན་པ་རྣམས་ལ་བཀོད་དེ། སྦྱིན་པ་དང་སྦྱིན་པའི་བགོ་བཤའ་རྣམས་ལ་ཡང་བཙུད་ནས་ཁྱིམ་དེ་ཆུ་དོང་ལྟ་བུར་གྱུར་པར་བྱས་སོ། །​དེ་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ་ཁྱིམ་བདག་གི་བུ་འདིས་ལས་ཅི་ཞིག་བགྱིས་ན། ལས་དེའི་རྣམ་པར་སྨིན་པས་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བའི་རིགས་སུ་སྐྱེས་ནས། བཅོམ་ལྡན་འདས་ཀྱང་འདིས་མཉེས་པར་བགྱིས་ཏེ་མི་མཉེས་པར་མ་བགྱིས་ལ། བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6471#UT22084-073-001-6471