Degé Kangyur volume 73, F.198.b

ཤེས་པ་ལྔ་དང་ལྡན་པ། གཡོག་འཁོར་ལྔ་བརྒྱ་ཡོད་པ་ཞིག་རྟེན་ཅིང་གནས་སོ། །​དེ་ནས་ཕྱི་ཞིག་ན་ལྷོ་ཕྱོགས་ནས་བྲམ་ཟེ་གཡོག་འཁོར་ལྔ་བརྒྱ་ཡོད་པ་ཞིག་འོངས་ནས་དྲང་སྲོང་དེའི་གནས་དང་ཉེ་བ་ཞིག་ཏུ་བཏབ་སྟེ། བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་བྲམ་ཟེ་དག་གི་གསང་སྔགས་སློབ་པར་བྱེད་དོ། །བྲམ་ཟེ་དེ་ཡང་རིག་པའི་གནས་བཅྭ་བརྒྱད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞིག་སྟེ། སྔ་ནས་འདུག་པའི་དྲང་སྲོང་གི་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བྲམ་ཟེ་དེའི་རྒྱུས་རི་གནས་དེ་དག་དེའི་ཐད་དུ་སོང་སྟེ་སྨྲས་པ། མཁན་པོ་བདག་ཅག་ལ་ཡང་ཕན་གདགས་པར་གསོལ། བྲམ་ཟེས་སྨྲས་པ། ཁྱེད་ལ་ཅི་ཞིག་གིས་ཕན་གདགས་པར་བྱ། བྲམ་ཟེའི་ཁྱེའུ་རྣམས་ཀྱིས་སྨྲས་པ། ཁ་ཏོན་བསླབས་པས་ཕན་གདགས་པར་གསོལ། བྲམ་ཟེས་སྨྲས་པ། ང་ནི་གཞན་གྱི་སློབ་མ་ལ་སློབ་པར་མི་བྱེད་དོ། །​དེ་ནས་བྲམ་ཟེའི་ཁྱེའུ་རྣམས་ཀྱིས་བསམས་པ། བདག་ཅག་གི་མཁན་པོས་ཀྱང་གོས་དང་ཟས་ཀྱིས་ནི་སྡུད་པར་བྱེད་མོད་ཀྱི། ཁ་ཏོན་བསླབས་པས་ནི་མི་ནུས་ཀྱིས་བདག་ཅག་གིས་འདི་བོར་ལ་བྲམ་ཟེ་འདི་ཁོ་ན་ལ་བརྟེན་ཏེ། ཁ་ཏོན་བསླབ་པའི་ཕྱིར་འདུ་བར་བྱའོ་སྙམ་ནས། བྲམ་ཟེ་དེ་ལ་སྨྲས་པ། བདག་ཅག་གི་མཁན་པོ་བོར་ཏེ་ཁྱོད་ཁོ་ན་ལ་བདག་ཅག་བརྟེན་པར་བགྱིའོ་ཞེས་བྱས་སོ། །​བྲམ་ཟེ་དེས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་གིས་ཁྱེད་གོས་ཟས་དང་ཁ་ཏོན་བསླབས་པས་བསྟང་བར་བྱའོ། །​དེ་ནས་དེ་ཐོས་མ་ཐག་ཏུ་བྲམ་ཟེའི་ཁྱེའུ་དེ་དག་གིས་དྲང་སྲོང་དེ་གཅིག་པུ་གྲོགས་མེད་པར་བོར་ནས་བྲམ་ཟེ་དེ་ལ་བརྟེན་ཏོ། །​དེས་ཀྱང་དེ་དག་གོས་དང་ཟས་དང་ཁ་ཏོན་བསླབས་པས་བསྡུས་སོ། །དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་བྲམ་ཟེར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། དེར་ངས་དྲང་སྲོང་དེའི་འཁོར་གྱི་དབྱེན་བྱས་པའི་ལས་དེའི་རྣམ་པར་སྨིན་པས་ང་ལོ་གྲངས་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་ལོ་འབུམ་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་བཙོས་པར་གྱུར་ཏོ། །​དེ་ནས་ང་ཤི་འཕོས་ནས་ཀྱང་གང་དང་གང་དུ་སྐྱེས་པ་དེ་དང་དེར་ངས་འཁོར་དང་ཕྱེ་བ་མྱོང་ལ། ད་ལྟར་གྱི་བར་དུ་ཡང་ལས་དེའི་རྣམ་པར་སྨིན་པས་ལྷས་བྱིན་གྱིས་ང་འཁོར་དང་ཕྱེ་བ་ཡིན་ནོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6462#UT22084-073-001-6462