Degé Kangyur volume 73, F.151.a

།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་དགའ་བྱེད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་འདི་ན་བདག་གི་ལུགས་ཀྱིས་རྟག་ཏུ་དུས་དུས་སུ་སེམས་ཅན་དམྱལ་བར་རྒྱུ་བར་བགྱིད་ཡི་དགས་ཀྱི་ནང་དུ་རྒྱུ་བར་བགྱིད་དུད་འགྲོའི་ནང་དུ་རྒྱུ་བར་བགྱིད་མིའི་ནང་དུ་རྒྱུ་བར་བགྱིད་ལྷའི་ནང་དུ་རྒྱུ་བར་བགྱིད་དེ། སླར་མཆིས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་ལགས་སོ། །​སླར་མཆིས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ལགས་པ་དེ་དག་མི་རྣམས་ལ་རྗོད་པར་བགྱིད་དེ། རྒྱུ་དེས་ན་དེ་དག་སྐྱོ་བར་འགྱུར་ལ་དེ་ལྟར་སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་ཐོབ་པར་འགྱུར་ལགས་སོ། །​བཙུན་པ་བདག་ཡི་དགས་ཀྱི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། རྒྱ་མཚོའི་འགྲམ་དུ་མཆིས་ན། བཙུན་པ་བདག་གིས་དེར་ཡི་དགས་མོ་སྒྲེན་མོར་མཆིས་ལ་རང་གི་སྐྲས་ཡོག་པ་སྡོང་པོ་མེ་རེག་མ་འདྲ་ལ་དམུས་ལོང་དུ་མཆིས་པ་དེའི་ཁ་སྣ་ནས་སྲིན་བུ་མང་པོ་བྱུང་བ་དང་དེས་དཔག་ཚད་དུ་མར་དྲི་མནམ་པས་གང་བར་བགྱིད་དེ་ཕན་ཚུན་རྒྱུག་ལ་དེ་གང་དང་གང་དུ་མཆིས་པ་དེ་དང་དེར་ཁྱི་སྔོ་བཀྲ་དག་གིས་གཙེས་ནས། རྒྱུ་དེས་ན་དེས་སྡུག་བསྔལ་དྲག་པ་དང་མི་བཟད་པ་དང་ཚ་བ་དང་ཡིད་དུ་མི་འོང་བའི་ཚོར་བ་མྱོང་སྟེ་སྐད་པོ་ཆེ་འཐོན་ལ་ཕན་ཚུན་རྒྱུག་པ་ཞིག་མཐོང་ལགས་ན། བཙུན་པ་ཡི་དགས་མོ་དེས་ལས་ཅི་བགྱིས་ན་ལས་དེའི་རྣམ་པར་སྨིན་པས་སྡུག་བསྔལ་དེ་ལྟ་བུ་རྙེད་པར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བྱེད་ཡི་དགས་མོ་དེ་ནི་སྡིག་པའི་ལས་བྱེད་བྱེད་པ་ཡིན་ཏེ་དེས་སྡིག་པའི་ལས་མང་དུ་བྱས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6367#UT22084-073-001-6367