Degé Kangyur volume 73, F.142.b

ལྷའི་ནང་དུ་རྒྱུ་བར་བྱེད་དེ་ཕྱིར་འོངས་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་གཅད་པ་དང་། གཏུབ་པ་དང་བརྡེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དོ། །​ཕྱིར་འོངས་ནས་ཡི་དགས་རྣམས་ཀྱི་བཀྲེས་པ་དང་། སྐོམ་པ་དང་འབར་བ་དང་བསྲེག་པ་དང་བཙོ་བ་ལ་སོགས་པའི་སྡུག་བསྔལ་རྣམས་དང་། དུད་འགྲོ་རྣམས་ཀྱི་གཅིག་ལ་གཅིག་ཟ་བ་ལས་གྱུར་པའི་སྡུག་བསྔལ་རྣམས་དང་། མི་རྣམས་ཀྱི་ཚོལ་ཁྲོས་ཤ་ཐང་བའི་སྡུག་བསྔལ་རྣམས་དང་། ལྷ་རྣམས་ཀྱི་འཆི་འཕོ་དང་ལྟུང་བ་དང་རྣམ་པར་འཐོར་བ་དང་རྣམ་པར་འཇིག་པའི་སྡུག་བསྔལ་གང་ཡིན་པ་དེ་དག་མི་རྣམས་ལ་རྗོད་པར་བྱེད་དེ། དེ་དག་གིས་དེ་ཐོས་ནས་སྐྱོ་བར་འགྱུར་ལ། སྐྱོ་བར་གྱུར་ནས་ཀྱང་གོང་དུ་ཁྱད་པར་འཐོབ་པར་འགྱུར་རོ། །​དེ་ནས་ཕྱི་ཞིག་ན་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དུད་འགྲོའི་ནང་དུ་རྒྱུ་བར་ཆས་ནས་མཉན་དུ་ཡོད་པ་ནས་མི་སྣང་བར་གྱུར་ཏེ། དེ་རྒྱ་མཚོའི་འགྲམ་དུ་འགྲེང་བ་དང་། དེ་ན་རྒྱ་མཚོ་ཆེན་པོ་ལ་བྱིངས་རིམ་པ་གསུམ་ཡོད་དེ། ཆུའི་བྱིངས་དང་པོ་ལ་ནི་དཔག་ཚད་ཉི་ཁྲི་བརྒྱད་སྟོང་ཡོད་དེ། དེའི་ནང་ན་ནི་ཆུ་སྲིན་ཉ་ཞེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི་དཔག་ཚད་བདུན་བརྒྱ་ཡོད་དེ། གང་གི་ཚེ་དེ་དག་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་ནས་གྱེན་དུ་འཐོན་ཅིང་ཁ་གདངས་ཏེ་འཁོད་ནས། དེའི་ནང་ན་དེ་དག་པས་ཆེས་ཆུང་བའི་སྲོག་ཆགས་གང་ཡིན་པ་དེ་དག་ཆུ་དང་བཅས་པར་དེ་རྣམས་ཀྱི་ཁའི་ནང་དུ་འབབ་བོ། །​དེ་ནས་གང་གི་ཚེ་དེ་རྣམས་ཀྱི་ལྟོ་གང་བར་གྱུར་པ་དེའི་ཚེ་ཆུ་དེ་དག་སོས་བཙགས་ནས་ཕྱིར་ཕོའོ། །​ལྟོ་ན་སྲོག་ཆགས་འཁོད་པ་དེ་དག་གིས་ནི་ཟས་ཀྱི་བྱ་བ་བྱེད་དོ། །​ཆུའི་བྱིངས་གཉིས་པ་ལ་ནི་དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དེ། དེའི་ནང་ན་ནི་ཆུ་སྲིན་ཉ་མིད་ཅེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི་དཔག་ཚད་སྟོང་བཞི་བརྒྱ་ཡོད་དེ། དེ་རྣམས་གང་གི་ཚེ་བཀྲེས་པ་ན་དེ་དག་ཆུའི་བྱིངས་དང་པོ་དང་གཉིས་པའི་ནང་ནས་གྱེན་དུ་འཐོན་ཏེ་ཟས་ཀྱི་བྱ་བ་བྱེད་དོ། །​ཆུའི་བྱིངས་གསུམ་པ་ལ་ནི་དཔག་ཚད་ཉི་ཁྲི་ལྔ་སྟོང་ཡོད་དོ། །​དེའི་ནང་ན་ནི་ཆུ་སྲིན་ཉ་མིད་མིད་ཅེས་བྱ་བ་རྣམས་གནས་ཏེ། དེ་དག་གི་ལུས་ལ་ནི་དཔག་ཚད་ཉིས་སྟོང་ཆིག་བརྒྱ་ཡོད་དེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6350#UT22084-073-001-6350