Degé Kangyur volume 73, F.136.a

དེ་གང་གི་ཚེ་ཆེན་མོར་གྱུར་པ་དེའི་ཚེ་དེས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དད་པ་རྙེད་ནས་དེས་ཕ་མ་གཉིས་ལ་གསོལ་ཏེ། དུས་དུས་སུ་དགེ་སློང་རྣམས་དང་དགེ་སློང་མ་རྣམས་བཤོས་གསོལ་ནས་དེ་རྣམས་ཀྱི་མདུན་དུ་འདུག་སྟེ་ཆོས་ཉན་པར་བྱེད་དོ། །​དེ་ནས་དེས་ཆོས་ཐོས་ནས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་རྣམས་བླངས་ནས། དེ་ཁྱིམ་ན་གནས་བཞིན་དུ་ཕྱིར་མི་འོང་བའི་འབྲས་བུ་མངོན་སུམ་དུ་བྱས་ཏེ་རྫུ་འཕྲུལ་ཡང་བསྒྲུབས་སོ། །​དེས་བདེན་པ་མཐོང་ནས་ཕ་མ་གཉིས་ལ་སྨྲས་པ། ཡབ་ཡུམ་བདག་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་འབྱུང་བར་གནང་བར་མཛད་དུ་གསོལ། ཕ་མ་གཉིས་ཀྱིས་སྨྲས་པ། བུ་མོ་ཁྱོད་མ་སྐྱེས་པའི་སྔ་རོལ་ནས། བདག་ཅག་གཉིས་ཀྱིས་ཁྱིམ་ཐབ་ལ་བྱིན་ཟིན་གྱིས་བདག་ཅག་གཉིས་ཀྱིས་གནང་བར་བྱར་མི་རུང་ངོ་། །​བུ་མོ་དེས་སྨྲས་པ། བདག་ནི་འདོད་པ་རྣམས་དོན་དུ་གཉེར་བ་མ་ལགས་ན། བདག་ལ་ཁྱིམ་ཐབ་ཅི་འཚལ། ཕ་མ་གཉིས་ཀྱིས་སྨྲས་པ། བདག་ཅག་གཉིས་ཀྱིས་ཁྱོད་ལ་གནང་བར་བྱར་མི་རུང་གིས་འོན་ཀྱང་ཁྱོད་ཉིད་ལས་བརྟེན་ཏེ། བདག་ཅག་གཉིས་ཀྱིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲང་བར་བྱའོ། །​རི་དགས་འཛིན་ལ་ཡང་བཟླུགས་ལ་ཁྱོད་བདག་ཉིད་ཀྱིས་ཁྱིམ་ཐབ་ལ་གསོལ་ཏེ་རབ་ཏུ་འབྱུང་བར་གྱིས་ཤིག་ཅེས་བྱས་ནས། ཁྱིམ་བདག་བྱིན་པས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་སྤྱན་དྲངས་ནས། དེ་ཉིད་ཀྱི་མཚན་མོ་བཟའ་བ་དང་བཅའ་བ་གཙང་མ་བཟང་པོ་མང་པོ་བཤམས་ཏེ་ནང་པར་སྔར་ལངས་ནས་གདན་བཤམས་ཏེ་ཆུ་ར་བཀང་སྟེ་བཞག་ནས། བཅོམ་ལྡན་འདས་ལ་ཕྲིན་གྱིས་གདུགས་ཚོད་བསྐུལ་བ། བཙུན་པ་གདུགས་ཚོད་ལ་བབ་སྟེ་བཤོས་གསོལ་ལགས་ན། བཅོམ་ལྡན་འདས་ཀྱིས་ད་དེའི་དུས་ལ་བབ་པར་དགོངས་ཏེ་གཤེགས་སུ་གསོལ་ཞེས་བསྐུལ་ཏོ། །​དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཤམ་ཐབས་དང་ཆོས་གོས་གསོལ་ཏེ་ལྷུང་བཟེད་བསྣམས་ནས་དགེ་སློང་གི་ཚོགས་ཀྱིས་ཞབས་འབྲིང་བྱས་ཏེ་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བདར་ནས། ཁྱིམ་བདག་བྱིན་པའི་བཀད་ས་ག་ལ་བ་དེར་གཤེགས་ཏེ་བྱོན་ནས་གདན་བཤམས་པ་ལ་བཞུགས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6337#UT22084-073-001-6337