Degé Kangyur volume 73, F.130.a

བྲམ་ཟེའི་ཁྱེའུ་དག་ད་དེའི་དུས་ལ་བབ་པར་ཤེས་ན་དེ་ལྟར་གྱིས་ཤིག །​དེ་ནས་དྲང་སྲོང་ཀཻ་ནེ་ཡ་གཡོག་འཁོར་ལྔ་བརྒྱ་དང་། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཙུན་པ་བདག་གིས་འཁོར་རྣམས་ལ་བཟླུགས་ལགས་ན། བཙུན་པ་བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་ཤིང་དགེ་སློང་གི་དངོས་པོ་འཐོབ་ཏུ་རུང་ན། བདག་ཀྱང་བཅོམ་ལྡན་འདས་ཀྱི་ཐད་དུ་ཚངས་པར་སྤྱོད་པ་སྤྱད་པར་འཚལ་ལོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་དགེ་སློང་ཚུར་ཤོག་ཅེས་བྱ་བ་བཀའ་སྩལ་ཏེ་དགེ་སློང་དག་ཚུར་ཤོག །​ཚངས་པར་སྤྱོད་ཅིག་ཅེས་བཀའ་སྩལ་ནས། ཚིག་འདི་སྐད་ཅེས་བཀའ་སྩལ་པའི་མོད་ལ་སྐྲ་དང་ཁ་སྤུ་ནི་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར། ལག་ན་ནི་ལྷུང་བཟེད་དང་ཆུ་སྣོད་ཐོགས་པར་གྱུར་ཏོ། །​འདིར་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཞེས་བཀའ་སྩལ་པས། །​དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །​སངས་རྒྱས་ཀྱི་ནི་དགོངས་པས་གོས་བགོས་ནས། །མོད་ལ་དབང་པོ་རབ་ཏུ་ཞི་བར་གནས། །​དེ་ནས་བཅོམ་ལྡན་འདས་ཀྱིས་དྲང་སྲོང་རི་བོ་དང་ཀཻ་ནེ་ཡ་ལ་གདམས་ངག་བྱིན་ནས། དེ་གཉིས་ཀྱིས་ཀྱང་བརྩོན་པ་དང་བསྒྲུབ་པ་དང་འབད་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ། །​དགེ་སློང་ལྷག་མ་དེ་དག་ལས་ཀྱང་དགེ་སློང་ལྔ་བརྒྱ་ནི་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་ལ་གཏད་དོ། །​ཉིས་བརྒྱ་ལྔ་བཅུ་ནི་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གཏད་དོ། །​ཉིས་བརྒྱ་ལྔ་བཅུ་ནི་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ལ་གཏད་དེ། ཁྱེད་ཀྱིས་འདི་རྣམས་ལ་གདམས་ངག་སྟོན་ཅིག །​འདི་རྣམས་ལ་ཡིད་ལ་བྱེད་པའི་ལུང་ཡང་ཕོག་ཤིག །​དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་ཇི་སྐད་སྩལ་པ་དེ་བཞིན་དུ་འཚལ་ལོ་ཞེས་གསོལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་ཚེ་དང་ལྡན་པ་མཽད་གལ་གྱི་བུ་དང་ཚེ་དང་ལྡན་པ་བྲམ་ཟེ་ཀ་པི་ན་ཆེན་པོ་རྣམས་ཀྱིས་དགེ་སློང་དེ་དག་ཁྲིད་དེ་ཆུ་ཀླུང་གསེར་ལྡན་གྱི་འགྲམ་དུ་དབྱར་གནས་པར་དམ་བཅས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6325#UT22084-073-001-6325