Degé Kangyur volume 73, F.90.b

དེ་དག་རང་རང་གི་ཡུལ་དུ་སོང་སྟེ་མཆོད་རྟེན་བརྩིགས་སོ། །​གང་གི་ཚེ་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེའི་ཚེ། རྒྱལ་པོ་མར་མེ་དང་རྒྱལ་པོ་ནོར་ཅན་གྱི་བུ་དང་གྲོང་ཁྱེར་གྱི་མི་དང་ཡུལ་གྱི་མི་དུ་མས་མ་འོངས་པའི་དུས་ཀྱི་ཡོན་ཏན་ལ་བལྟས་ཏེ་ཡོ་བྱད་ཐམས་ཅད་བསྟབས་སོ། །​དེ་ནས་བློ་གྲོས་བཟང་པོས་བྲམ་ཟེའི་ཁྱེའུ་བློ་གྲོས་ལ་སྨྲས་པ། ང་ནི་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་ན་ཁྱོད་ཀྱིས་གང་དུ་སེམས་བསྐྱེད། དེས་སྨྲས་པ། བདག་ནི་མ་རུང་ངོ་། །​བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་སྨྲས་པ། ཁྱོད་ཀྱིས་ཅི་ཞིག་བྱས་ན། མ་རུང་བར་འགྱུར། དེས་སྨྲས་པ། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་ཞབས་ཀྱིས་ཁྱོད་ཀྱི་སྐྲ་བརྫིས་པ་དེའི་ཚེ། བདག་ཁྲོས་ཏེ་སྨྲས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས། བྲམ་ཟེའི་སྐྲ་ཕྱུགས་ལ་བྱ་བ་བཞིན་དུ་རྐང་པས་བརྫིས་སོ་ཞེས་བྱས་སོ། །​དེ་ནས་བློ་གྲོས་བཟང་པོས་དེ་ལ་སྨྲས་པ། ཚུར་ཤོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐད་དུ་རབ་ཏུ་འབྱུང་བར་བྱའོ། །​དེ་ནས་བློ་གྲོས་བཟང་པོ་དང་བློ་གྲོས་གཉིས་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་གསུང་རབ་ལ་རབ་ཏུ་བྱུང་སྟེ། བློ་གྲོས་བཟང་པོ་ནི་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་བསླབས་ཏེ་ཆོས་བཞིན་དུ་འཁོར་བསྡུས་སོ། །​དེ་ནས་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོ་ཤི་འཕོས་ཏེ་དུས་ལས་འདས་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སོ། །​བྲམ་ཟེའི་ཁྱེའུ་བློ་གྲོས་ནི་ཤི་འཕོས་ཏེ་དུས་ལས་འདས་ནས་སེམས་ཅན་དམྱལ་བར་སྐྱེས་སོ། །​དགེ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་དེའི་དུས་ན་བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོར་གྱུར་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པ་གང་ཡིན་པ་དེ་ནི་ང་ཉིད་ཡིན་ཏེ། ངས་དེར་སངས་རྒྱས་མར་མེ་མཛད་ལ་ཨུད་པ་ལ་སྔོན་པོ་དག་གིས་མཆོད་པ་བྱས་པའི་ལས་དེའི་རྣམ་པར་སྨིན་པས། འཁོར་བ་ན་བདེ་བ་ཆེན་པོ་མྱོང་བར་གྱུར་ཏེ། དགེ་བའི་རྩ་བ་དེས་ན་ངའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རྒྱུ་ཙམ་དང་རྐྱེན་ཙམ་དང་ཚོགས་ཙམ་དུ་གྱུར་ལ་ད་ལྟའི་བར་དུ་ཡང་ལས་དེའི་རྣམ་པར་སྨིན་པས་མཛའ་སྡེ་བོ་ལྔ་བརྒྱ་པོ་རྣམས་ཀྱིས་འདི་ལྟ་བུའི་མཆོད་པ་བྱས་པ་ཡིན་ནོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh340.html?part=UT22084-073-001-6246#UT22084-073-001-6246