Degé Kangyur volume 72, F.146.b

བཅོམ་ལྡན་འདས་གཞན་ཡང་འདི་ན་ཕྱུག་དྲེགས་རྒྱགས་པ་རྣམས་ཕ་རོལ་ཏུ་ཡང་ཕྱུག་དྲེགས་རྒྱགས་པར་འགྱུར་རམ། འདི་ན་དབུལ་རྒུད་ཉམ་ཆུང་བ་རྣམས་ཕ་རོལ་ཏུ་ཡང་དབུལ་རྒུད་ཉམ་ཆུང་བར་འགྱུར་རམ། འོན་ཏེ་དེ་གཉིས་མི་འདྲ་བར་ཕན་ཚུན་བསྣོལ་མར་འགྱུར། བཅོམ་ལྡན་འདས་གཞན་ཡང་འདི་ན་རྟ་དང་། གླང་པོ་ཆེ་ལ་སོགས་པ་ཞོན་པ་དང་། འདི་ན་གོས་གྱོན་པ་དང་རྒྱན་ཐོགས་པ་དང་། འདི་ན་ཟས་བཟའ་བ་དང་། བཏུང་བ་དང་ལྡན་པ་རྣམས་ཤི་འཕོས་ནས་ཕ་རོལ་ཏུ་ཡང་དེ་བཞིན་དུ་ཞོན་པ་དང་། གྱོན་པ་དང་། ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་འདི་ནས་ཤི་འཕོས་པ་ལ་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ཉེ་རིས་རྣམས་ཀྱིས་བཟའ་བ་དང་། བཏུང་བ་ཉུང་ངུ་ཉུང་ངུར་གཏང་བའམ། བསྔོས་པ་ཡང་བསྐལ་པ་མང་པོའི་བར་དུ་ཟད་པར་མི་འགྱུར་བར་ཟ་ཞིང་འཐུང་ངོ་ཞེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། བཅོམ་ལྡན་འདས་གཞན་ཡང་སེམས་ཅན་འདི་ནས་ཚེ་འཕོས་པ་ན་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ལ་གཏམ་བྱས་ཏེ་ཚིག་ཅི་སྨྲས་པ་དང་། གཟུགས་བྱད་ཅི་འདྲ་བ་དག་ཚེ་འཕོས་ནས་ཕྱིས་ཕ་མའམ། སྤུན་ནམ། བུ་ལ་སོགས་པ་ལ་སྔོན་ཚེ་མ་འཕོས་པའི་དུས་ན་གཏམ་བྱས་པ་ལ་སོགས་པ་སྨྲ་བ་དང་། གཟུགས་བྱད་དག་སྟོན་ཏེ། མཐོང་བ་དང་ཐོས་པ་ཡོད་ཅེས་འཇིག་རྟེན་པ་དག་མཆི་ན་དེ་ལྟར་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​ཀྱེ་རྒྱལ་པོ་ཆེན་པོ་འདི་ནས་ཤི་འཕོས་ནས་ལྷ་རྣམས་ལྷར་སྐྱེ་བ་ལ་སོགས་པ་འདྲི་བ་ལྟར་མ་ལགས་ཏེ། །​ལྷ་རྣམས་ཚེ་འཕོས་པ་ཡང་ལྷར་སྐྱེས་ནས་འགྲོ་བ་རིས་གཞན་རྣམས་སུ་མི་སྐྱེ་བ་ལགས་པ་ནས་དེ་བཞིན་དུ་མི་ལ་སོགས་པ་འགྲོ་བ་གཞན་རྣམས་ཀྱང་ཚེ་འཕོས་ནས་འགྲོ་བ་གཞན་དང་གཞན་རྣམས་སུ་མི་སྐྱེ་བར་རང་རང་གི་སྔ་མའི་རིས་རྣམས་སུ་སྐྱེ་བ་ལགས་ན་ནི། ཀྱེ་རྒྱལ་པོ་ཆེན་པོ་མི་རྣམས་དང་པོ་ལྷ་ལས་གྱུར་པ་ལགས་ལ། ངན་སོང་གསུམ་པོ་རྣམས་ནི་མི་རྣམས་ཀྱིས་མི་དགེ་བ་སྤྱད་པ་ལས་གྱུར་པ་ལགས་པའི་ཕྱིར་གང་ལྷ་ལ་སོགས་པ་ཚེ་འཕོས་པ་དེ་འགྲོ་བ་རིས་གཞན་དང་གཞན་རྣམས་སུ་སྐྱེ་བ་ལགས་སོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh308.html?part=UT22084-072-008-220#UT22084-072-008-220