Degé Kangyur volume 72, F.152.a

འབྲས་ཕུར་མའི་ནང་དུ་བཅུག་ནས་འབྲས་ཀྱི་ཕུར་མ་གླང་པོ་ཆེའི་ཁལ་ལོངས་པ་ཅིག་དང་། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་ན་འབྲས་ཀྱི་ཕུར་མ་འདི་དག་མི་དབྱེ་བར་ཤཱཀྱ་གང་གང་གི་འབྲས་གང་གང་ལགས་པ་མཁྱེན་པར་མཛོད་ཅིག་ཅེས་གསོལ་ནས། གླང་པོ་ཆེའི་ཁལ་གྱི་འབྲས་ཀྱི་ཕུར་མ་རྣམས་དྲུང་དུ་བཞག་པ་ལས། བཅོམ་ལྡན་འདས་ཀྱིས་འབྲས་ཀྱི་ཕུར་མ་རེ་རེ་བླངས་ཤིང་འདི་ཤཱཀྱ་དགའ་བྱེད་ཀྱིའོ། །​འདི་ཤཱཀྱ་ཀ་ཡའི་འོ། །​འདི་ཤཱཀྱ་འདོད་སྲེད་ཀྱིའོ། །​ཞེས་བྱ་བ་ལ་སོགས་པ་འབྲས་ཕུར་མ་རེ་རེ་ལ་ཤཱཀྱ་འདི་ཡིའོ། །​ཞེས་མིང་མ་ནོར་བར་རིམ་པར་རྫོགས་པར་གསུངས་པ་ལས། བཅོམ་ལྡན་འདས་ཀྱིས་སངས་རྒྱས་ཀྱི་སྤྱན་གྱིས་ཐམས་ཅད་གཟིགས་པ་ལ་ཤཱཀྱ་མིང་ཆེན་ལ་སོགས་པ་ཐམས་ཅད་ཡིད་ཆེས་ཏེ། བཅོམ་ལྡན་འདས་ཀྱིས་ཚེ་འཕོས་པ་ཅིར་འགྱུར་བ་བཤད་པ་ནི་ངེས་སོ་སྙམ་ནས། བཅོམ་ལྡན་འདས་ལ་བསྟོད་པ། སངས་རྒྱས་སྤྱན་གྱིས་ཐམས་ཅད་གཟིགས། །​འཇིག་རྟེན་པ་ལྟར་བརྫུན་མི་མངའ། །​ཤཱ་ཀྱའི་གྲོང་ཁྱེར་ཇི་སྙེད་པའི། །​འབྲས་ཀྱི་ཕུར་མ་མ་ནོར་མཁྱེན། །​སེམས་ཅན་ཚེ་འཕོས་ཕ་རོལ་ན། །​ཇི་ལྟར་སྣང་བ་འཇིག་རྟེན་བརྫུན། །​བཅོམ་ལྡན་འདས་ཀྱིས་གསུངས་པ་མད། །​ཀུན་གཟིགས་ཁྱོད་ལ་ཕྱག་འཚལ་བསྟོད། །​ཅེས་བསྟོད་ནས་སྤོབས་པ་མེད་དེ་མི་སྨྲ་བར་འདུག་གོ། །​དེ་ནས་ཡབ་རྒྱལ་པོ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་དག་བགྱིས་པས་དེའི་རྣམ་པར་སྨིན་པ་མི་བཟད་པ་མྱོང་བར་འགྱུར་བ་དག་གིས་ཇི་ལྟར་བགྱིས་ན་བདེ་བ་ཐོབ་པར་འགྱུར་བ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་གང་དག་གིས་མཚམས་མེད་པ་ལ་སོགས་པའི་ལས་མི་དགེ་བ་བྱས་པ་དག་གིས་སྒྱུ་མེད་པའི་སེམས་དང་བས་རྣམ་པར་སྨིན་པ་ལ་ཡིད་ཆེས་པར་བྱས་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh308.html?part=UT22084-072-008-231#UT22084-072-008-231