Degé Kangyur volume 72, F.131.a

འདུ་ཤེས་མེད་པ་ཡང་མ་ཡིན་པ་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཆོག་ཡིན་པར་བསྟན་ཏོ། །​སངས་རྒྱས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་སངས་རྒྱས་མཆོག་ཏུ་གདགས་པ་ཞེས་བྱའོ། །​ཆོས་མཆོག་ཏུ་གདགས་པ་གང་ཞེ་ན། འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་རྣམས་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་འདོད་ཆགས་དང་བྲལ་བའི་ཆོས་མཆོག་ཡིན་པར་བསྟན་ཏོ། །​ཆོས་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི། མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི། རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་ཆོས་མཆོག་ཏུ་གདགས་པ་ཞེས་བྱའོ། །​དགེ་འདུན་མཆོག་ཏུ་གདགས་པ་གང་ཞེ་ན། ཚོགས་སམ། འདུས་པའམ། མང་པོའམ། འཁོར་གང་ཡང་རུང་སྟེ། དེ་དག་གི་ནང་ན་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཡིན་པར་བསྟན་ཏོ། དགེ་འདུན་ལ་མངོན་པར་དགའ་བ་སུ་ཡང་རུང་བ་དེ་དག་ནི་མཆོག་ལ་མངོན་པར་དགའ་བ་ཡིན་ཏེ། མཆོག་ལ་མངོན་པར་དགའ་བ་དེ་དག་ནི་རྣམ་པར་སྨིན་པ་ཡང་ལྷ་རྣམས་ཀྱི་ནང་དུ་ལྷར་གྱུར་པ་རྣམས་སམ། མི་རྣམས་ཀྱི་ནང་དུ་མིར་གྱུར་པ་རྣམས་ཀྱི་མཆོག་འབའ་ཞིག་ཏུ་འགྱུར་བར་ཤེས་པར་བྱ་སྟེ། འདི་ནི་དགེ་འདུན་མཆོག་ཏུ་གདགས་པ་ཞེས་བྱའོ། །​བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh305.html?part=UT22084-072-005-112#UT22084-072-005-112