Degé Kangyur volume 69, F.97.a

ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཕན་ཚུན་དགའ་བའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​དེར་སྐྱེས་ནས་ཀྱང་ཕན་ཚུན་བདེ་བ་སྐྱེད་ཅིང་སེམས་འཐུན་པར་བསྐྱེད་པ་དེ་རྣམས་བསོད་ནམས་ཀྱི་ཚོགས་དེ་སྨིན་པར་འགྱུར་རོ། །​དེ་ན་ལྷའི་པད་མའི་རྫིང་ན་གནས་ཤིང་ཁ་ཟས་ལ་དགའ་བ་དེ་ཡུལ་ཉམས་དགའ་ཞིང་བདེ་བ་དག་མྱོང་བར་བྱེད་དེ། སིལ་སྙན་ཡན་ལག་ལྔ་དང་ལྡན་པས་ཡིད་རབ་ཏུ་དགའ་བ་དག་དགོད་པར་བྱེད། དགའ་བར་བྱེད། རྩེ་བར་བྱེད། དགའ་དགུར་སྤྱོད་པར་བྱེད་ལ། ལྷ་མོའི་ཚོགས་གཟུགས་དང་ཆ་བྱད་སྣ་ཚོགས་དང་ལྡན་པ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་གསེར་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་གཞི་དང་། རི་དེ་རྣམས་ལ་དགའ་བར་བྱེད་དོ། །​དེ་ལྟར་རང་གི་ལས་ཀྱི་འབྲས་བུ་ལ་སྤྱོད་ཅིང་དགའ་བ་དེ་རྣམས་སུ་ཆུ་བོའི་འགྲམ་བཻ་ཌཱུརྱ་དང་། ནོར་བུའི་ལན་ཀན་བྲེས་པ་དང་། གསེར་གྱི་རྣམ་པའི་བྱ་ངང་པ་དང་། ངུར་པ་རྣམས་ཀྱིས་མཛེས་པར་བྱས་པ། འགྲམ་ན་ཤིང་ལྗོན་པ་སྐྱེས་པ་རྣམས་ཀྱི་སྡུག་གུར་བརྒྱན་པའི་སྨན་ལྗོངས་དག་ན་ལྷ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྣམས་དགའ་བར་བྱེད་དོ། །​དེར་དེ་དག་དགའ་བར་བྱས་ནས་མུ་ཏིག་འབབ་པར་བྱེད་པ་ཞེས་བྱ་བའི་ཆུ་བོ་ག་ལ་བ་དེར་འདོང་བར་བྱེད་དོ། །​ཆུ་བོ་དེ་དག་ན་ཆུ་གང་ཡིན་པ་དེ་དག་ནི་ཆང་རོ་རྣམ་པ་དུ་མ་དང་ལྡན་པ་རྙོག་པ་མེད་པ་འབབ་བོ། །​བྱེ་མ་གང་ཡིན་པ་དེ་དག་ནི་མུ་ཏིག་ཡིན་ལ། འདམ་རྫབ་གང་ཡིན་པ་དེ་དག་ནི་གསེར་ཡིན་ཏེ། ཆུ་བོ་དེ་ནོར་བུ་ཁ་དོག་བཟང་པོ་དུ་མས་བརྒྱན་པ་ཉ་རྣམས་ཀྱིས་ཤིན་ཏུ་མཛེས་པ་ཡིན་ནོ། །​དེའི་ངོས་གཉི་ག་ན་གསེར་གྱི་ཤིང་ལྗོན་པ་རྣམས་ལ་འདབ་མ་ནི་བཻ་ཌཱུརྱ། བཻ་ཌཱུརྱའི་ཤིང་ལྗོན་པ་རྣམས་ལ་གསེར་གྱི་འདབ་མ་ཡོད་དེ། འདབ་མ་ཡོད་པ་དེ་དག་ཐམས་ཅད་ལ་དུས་ཚིགས་ཐམས་ཅད་ཀྱི་འབྲས་བུ་དང་མེ་ཏོག་བཟང་དགུས་ཁེབས་པ་ཡིན་ནོ། །​བྱའི་ཚོགས་རྟག་པར་རབ་ཏུ་དགའ་བ་རྣམས་ཀྱིས་ཀུན་དུ་གང་ལ་ཐོས་ན་ཡིད་འཕྲོག་པའི་སྒྲ་འབྱིན་པ་ཡིན་ཏེ། བྱའི་ཚོགས་མཐོང་ན་དགའ་བ་རྣམ་པ་དེ་ལྟ་བུ་དག་དང་། རྟག་ཏུ་ཀུན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100692#UT22084-068-021-100692