Degé Kangyur volume 69, F.67.b

བྱེད་དོ། །​སྲེད་པའི་ཡུལ་ལ་རྣམ་པར་ཆགས་ཤིང་དགའ་བ། ཡུལ་དྲུག་ལ་བློ་ཤིན་ཏུ་ཆགས་པ་དེ། ཆུའི་ནང་ན་ཉ་རྒྱའི་གསེབ་ཏུ་ཉ་ཆུད་དེ་ཉ་རྒྱས་བསྡུས་པ་ལྟར་བདེ་བས་ནམ་ཆུང་ཟད་ཀྱང་སྐྱོ་བར་མི་བྱེད་དེ། དེ་ཇི་སྲིད་དུ་དེའི་འདོད་པ་སྡུག་པ་ཡིད་དུ་འོང་བའི་ལས་མ་ཟད་པ་དེ་སྲིད་དུ་དེ་ན་ལྷའི་བདེ་བ་རྣམ་པ་དུ་མ་ལ་སྤྱོད་དོ། །​དེ་ཕྱིས་ལྷའི་འཇིག་རྟེན་དེ་ནས་འཆི་བར་འགྱུར་ཏེ། ཤི་ནས་ཀྱང་ལས་ཉེ་བར་འགྲོ་བ་ཇི་ལྟ་བ་བཞིན་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི་ནང་དུ་སྐྱེ་བར་འགྱུར་རོ། །​གལ་ཏེ་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱིས་མི་རྣམས་དང་སྐལ་བ་མཉམ་པར་མིའི་ནང་དུ་སྐྱེས་ན། དེ་རང་གི་ལས་དང་རྒྱུ་འཐུན་པར་དེད་དཔོན་ཆེན་པོར་གྱུར་ཏེ། ཤིན་ཏུ་འབྱོར་པ་དང་ལྡན་པ་དང་རྒྱལ་པོས་ཀྱང་བཀུར་བར་འགྱུར་བ་མཐོང་ངོ་། །​དེ་ནས་ཡང་དགེ་སློང་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཤེས་པ་དེ། ལྷ་ཕྲེང་ཐོགས་ཀྱི་གནས་ལ་རྟོག་པར་བྱེད་དེ། དེས་ཐོས་པ་ལས་བྱུང་བའི་ཤེས་པས་ལྷ་ཕྲེང་ཐོགས་རྣམས་ཀྱི་གནས་གང་ན་ལྷ་འཁོད་པ་ཚལ་དང་ཉེ་བའི་ཚལ་ན་གནས་པ་ཞེས་བྱ་བ་ཇི་ལྟར་འདུག་པ་མཐོང་ངོ་། །​དེ་དག་ལས་གང་གིས་དེར་སྐྱེ་བར་འགྱུར་སྙམ་ནས། དེས་ཐོས་པ་ལས་བྱུང་བའི་ཤེས་པས་བརྟགས་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་པ། སེམས་དང་བ། དགེ་འདུན་ལ་ཞིང་དུ་ཤེས་པ་གང་གིས་ཆོས་གོས་བྱ་བའི་ཕྱིར་སེ་འབྲུ་གཅིག་ཕུལ་ལ། ཕུལ་ནས་ཀྱང་ཡང་དང་ཡང་དུ་སེམས་ཀྱིས་ཡོངས་སུ་སྤེལ་བར་བྱེད། རྗེས་སུ་དགའ་བར་བྱེད། བདག་ཉིད་ལ་བདག་ཉིད་རབ་ཏུ་དགའ་བར་བྱེད་ན། དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ཚལ་དང་ཉེ་བའི་ཚལ་གྱི་ནང་ན་གནས་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །​དེར་སྐྱེས་ནས་དེ་ལྷའི་ཚལ་དང་ཉེ་བའི་ཚལ་ན་ནི་གནས། བདག་ཉིད་གར་དགའ་དགུར་ནི་འཆག་ཅིང་འགྲོ། ཆུ་ལ་ཡང་མི་ནུབ་པར་འགྲོ་སྟེ། འདི་ལྟ་སྟེ། ཐང་ལ་འགྲོ་བ་བཞིན་དུ་འགྲོ་ལ། དེ་བཞིན་དུ་བར་སྣང་ལ་ཡང་ཐོགས་པ་མེད་པར་འགྲོའོ། །​དེ་ཇི་སྐད་བསྟན་པའི་གནས་རྣམས་སུ་ལྷའི་ཕྲེང་བ་དང་། གོས་ནི་གྱོན། ཤིན་ཏུ་བདེ་བ་དང་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-100633#UT22084-068-021-100633