Degé Kangyur volume 71, F.203.b

ལས་ཀྱི་མཐུས་ཡིན་ནོ། །​དེ་འདྲ་བར་གྱུར་པའི་བུད་མེད་དང་ལྷན་ཅིག་ཏུ་ཞེན་པར་བྱེད་དོ། །​དེ་ལྟར་སྤྲིན་དཀར་པོ་འཛིན་པའི་ནགས་དང་ཉེ་བའི་ནགས་དང་བཅས་པ་རྣམས་ཐམས་ཅད་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རིག་པར་བྱེད་དེ། སྤྲིན་དཀར་པོ་འཛིན་པའི་རི་བོ་འདི་ལ་གཅིག་ཏུ་ངེས་པར་གྱུར་པ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མྱ་ངན་ལས་འདས་པར་འགྲོ་བ་ཐོབ་པའི་བདེ་བ་ཡོད་དམ་ཞེ་ན། དེས་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཡོངས་སུ་མི་འགྱུར་བའི་ཆོས་ཅན་དུ་གྱུར་པའི་བདེ་བ་ནི་གཅིག་ཀྱང་མ་མཐོང་སྟེ་ཇི་ལྟར་ཉི་མ་ལ་མུན་པ་བཞིན་ནོ། །​དེ་ལྟར་འཇིག་རྟེན་པའི་བདེ་བ་རྣམས་ཀྱང་མྱང་བར་མངར་བ་དང་། རྣམ་པར་སྨིན་པ་རྩུབ་པ་དང་། ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་པ་དང་། སྲེད་པ་ལས་ངེས་པར་འབྱུང་བ་མ་ཡིན་པ་དང་། འབྲས་བུ་རྩུབ་པ་ཡིན་ཏེ། ཀིམ་པ་ཀའི་འབྲས་བུ་འདྲ་བ་དུག་དང་། མཚོན་དང་། མེ་དང་མཚུངས་པར་གྱུར་པ་དང་། དུས་དེ་ཙམ་དུ་དགའ་བར་གྱུར་པ་ཡིན་ནོ། །​གར་མཁན་གྱི་ཚོན་རྩི་བཞིན་དུ་ཡུད་ཙམ་ཅིག་དགའ་བ་ཡིན་ནོ། །​གློག་དང་མཚུངས་པར་ཤིན་ཏུ་གཡོ་བ་ཡིན་ནོ། །​རིའི་འབབ་ཆུའི་ཤུགས་དང་འདྲ་བ་དང་། ཉེ་བར་འཚེ་བ་དང་བཅས་པ་དང་། དྲི་ཟའི་གྲོང་ཁྱེར་དང་མཚུངས་པར་སླུ་བར་བྱེད་པ་དང་། སྐྱེ་བོ་རྣམས་ཐམས་ཅད་ཀྱང་རྣམ་པར་འཇོམས་པར་བྱེད་པ་དང་། ཤིང་ཏོག་རྣམས་ཐམས་ཅད་བཞིན་དུ་ཅི་ནས་ཀྱང་ལྟུང་བར་འགྱུར་བར་མཚུངས་པ་དང་། དུག་གི་ཟས་དང་འདྲ་བར་ཡོངས་སུ་སྨིན་པར་འགྱུར་བ་དང་། སྤུ་གྲིའི་སོའི་མྱང་བ་བཞིན་དུ་ཤིན་ཏུ་རྣོ་བ་དང་། ལན་བརྒྱ་སྟོང་དུ་མ་རྣམས་སུ་ཡང་སླུ་བར་བྱེད་པ་ཡིན་པ་དང་། ཆུ་ཀླུང་གི་འགྲམ་གྱི་ཤིང་བཞིན་དུ་ངེས་པ་ཁོ་ནར་ལྟུང་བར་འགྱུར་བར་མཚུངས་པ་ཡིན་ནོ། །​རྣམ་པ་དེ་ལྟ་བུའི་འདོད་པ་རྣམས་ལ་ཀུན་ཏུ་བལྟས་པར་གྱུར་ནས་རྣལ་འབྱོར་སྤྱོད་པ་པ་ངེས་པར་སྐྱོ་བ་སྐྱེ་བར་འགྱུར་རོ། །​ཡང་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་མཐོང་བ་དང་ལྡན་ཞིང་རྣམ་པར་བྱང་བར་གྱུར་པའི་མཐོང་བ་དང་ཡང་དག་པར་ལྡན་པར་འགྱུར་རོ། །​གཞན་ཡང་རྣལ་འབྱོར་སྤྱོད་པ་ཕྱི་རོལ་གྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-102141#UT22084-068-021-102141