Degé Kangyur volume 71, F.94.b

གྲོལ་བར་བྱས་ནས། ཞི་བའི་གོ་འཕང་བླ་ན་མེད་པར་གྱུར་པའི་བར་དུ་འཇུག་པར་བྱེད་དོ། །​དེ་ནས་ནི་མྱ་ངན་ལས་འདས་པར་ཞུགས་པར་འགྱུར་བ་ཡིན་ནོ། །​དམ་པའི་ཆོས་སྒྲོགས་པར་བྱེད་པ་དེ་ནི་དོན་དེ་དག་གི་ཕྱིར་ན་སངས་རྒྱས་ཀྱི་མཛད་པ་བྱས་པ་ཡིན་ནོ། །​དེའི་ཕྱིར་དམ་པའི་ཆོས་སྒྲོགས་པར་བྱེད་པ་དེའི་ཡོན་ཏན་གཞན་འདི་དག་ཡིན་ཏེ། གང་དམ་པའི་ཆོས་རྟག་ཏུ་སྒྲོགས་པ་ལ་འགྲོ་བ་དང་བསྙེན་བཀུར་བྱེད་པ་དང་སྒྲུབ་པར་བྱེད་པ་དེ་དག་རྣམས་ནི་སྐྱབས་ཡིན་ཞིང་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པའི་སྒོ་ཡིན་ནོ། །​དམ་པའི་ཆོས་སྒྲོགས་པར་བྱེད་པ་རྣམས་ལ་ནི་ཡོན་ཏན་གཞན་དག་ཀྱང་ཡོད་དོ། །​འདི་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་གོང་དུ་སྐྱོང་བར་བྱེད་པའོ། །​དགེ་བའི་རྩ་བ་རྣམས་རྒྱ་ཆེན་པོར་གོང་དུ་ཡོངས་སུ་སྨིན་པར་བྱེད་དོ། །​གང་འགའ་ཞིག་ཆོས་སྒྲོགས་པ་ལ་རྟག་ཏུ་ཉན་དུ་འགྲོ་བར་བྱེད་པའི་བརྩོན་འགྲུས་དྲག་པོ་དང་ལྡན་པ་དེའི་དགེ་བའི་རྩ་བ་རྣམས་ནི་ཕྱི་ནས་ཡོངས་སུ་སྨིན་པར་འགྱུར་རོ། །​དཔེར་ན་ཞིང་གི་རྣང་ལ་ས་བོན་རབ་ཏུ་བཏབ་པར་གྱུར་པ་ལས་དུས་ཕྱིས་ཉི་མའི་འོད་ཟེར་གྱིས་དང་དུས་ཀྱི་འགྱུར་བ་ལས་ཡོངས་སུ་སྨིན་པར་འགྲོའོ། །​དེ་བཞིན་དུ་ཕྱི་ནས་དགེ་བའི་རྩ་བ་རྣམས་ཤེས་རབ་ཀྱི་ཉི་མས་ཡོངས་སུ་སྨིན་པར་བྱེད་དོ། །​དེའི་ཕྱིར་རྟག་པར་རྒྱུན་མི་འཆད་པར་དམ་པའི་ཆོས་བསྒྲགས་པར་འགྱུར་རོ། །​མཉན་པར་ཡང་བྱའོ། །​དམ་པའི་ཆོས་སྒྲོགས་པ་ལ་ཡོན་ཏན་གཞན་ཡང་ཡོད་དོ། །​འདི་ཡང་གང་དག་ཞེ་ན། འདི་ལྟ་སྟེ། ཡོངས་སུ་སྨིན་པ་ངེས་པར་གྲོལ་བར་བྱེད་དོ། །​གང་གི་ཚེ་སེམས་ལ་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་གྱུར་པ་དེའི་ཚེ། འདི་ཁོ་ན་ལ་རྟག་ཏུ་འགྲོ་བ་དང་འཛིན་པ་དང་རྣམ་པར་དཔྱོད་པ་དང་སྒྲུབ་པར་བྱེད་པའི་རྒྱུས་སེམས་ཀྱི་རྒྱུད་དེ་ཡོངས་སུ་སྦྱང་བ་བྱས་པའི་ཕྱིར་ཉོན་མོངས་པ་རྣམས་འཇོམས་པར་བྱེད་དོ། །​ཉོན་མོངས་པ་རྣམས་ཟད་པས་ཡོངས་སུ་འགྲོལ་བར་འགྱུར་རོ། །​ངེས་པར་རྣམ་པར་གྲོལ་བ་རྣམས་ནི་ཆགས་པ་མེད་པར་འགྱུར་བས། དེ་འདི་སྙམ་དུ་སེམས་ཏེ་བདག་གི་སྐྱེ་བ་རྣམས་ནི་ཟད་དོ། །​ཚངས་པར་སྤྱོད་པ་ནི་སྤྱད་དོ། །​བྱ་བ་རྣམས་ནི་བྱས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101923#UT22084-068-021-101923