Degé Kangyur volume 70, F.293.b

འདྲེན་པར་བྱེད་དོ། །​དེ་བཞིན་དུ་སྤྲུལ་པའི་ལྷ་གཞན་དེ་དག་རྣམས་ཀྱིས་དེ་དག་རྣམས་ཉིད་འཁྲིད་པར་གྱུར་པ་མངོན་པར་མཐོང་ནས། ཤིན་ཏུ་འཇིགས་པར་གྱུར་པས་ཕན་ཚུན་ཀུན་དུ་རྒྱུག་པར་བྱེད་དོ། །​དེ་དག་རྣམས་ཀྱང་འཛིན་པར་བྱེད་དེ། འཆི་བདག་གི་ཕོ་ཉ་ནི་མགོ་ལ་མངོན་པར་དམིགས་ནས། དེ་དག་ནམ་མཁའ་ལ་མངོན་པར་འཕགས་ཏེ་འཇིགས་པར་བྱེད་པའི་ང་རོ་དག་ཀུན་དུ་བཏོན་པས་མིག་གི་ཡུལ་ངེས་པར་འཕྱོང་བར་བྱེད་དོ། །​ཁ་ཅིག་ནི་ལྷ་གཞན་མ་དེ་དག་རྣམས་ཉིད་བཟུང་ནས་ལྕགས་ཀྱི་རང་བཞིན་གྱི་རབ་ཏུ་འབར་བའི་ཐག་པ་རྣམས་ཀྱིས་མགྲིན་པ་བཅིངས་ཤིང་ཁྱེར་ཏེ། ས་གཞིའི་གསེབ་ཏུ་རྗེས་སུ་ཐིམ་ནས་མི་མཐོང་བར་འགྲོ་བར་བྱེད་དོ། །​འཆི་བདག་གི་ཕོ་ཉ་སྤྲུལ་པ་བྱས་པ་གཞན་དེ་དག་རྣམས་ཁ་ཅིག་གིས་ཀྱང་སྤྲུལ་པའི་ལྷ་རྣམས་ཁྱེར་ནས་ཆུར་སྤྱིང་བར་བྱེད་དེ། རབ་ཏུ་ཁྲོས་པར་གྱུར་པས་ནང་དུ་ནུབ་པར་གྱུར་ཏོ། །​དེ་ལྟར་རྣམ་པ་དུ་མ་དང་རྣམ་པར་རྟོག་པ་དུ་མ་རྣམས་སུ་སྤྲུལ་པ་དེ་དག་རྣམས་ནི་འཇིགས་པ་ཆེན་པོར་གྱུར་པ་རྣམས་ཡིན་ནོ། །​རང་བཞིན་གྱི་ལྷ་དེ་དག་རྣམས་ཀྱིས་ཀྱང་དེ་དག་རྣམས་ཐམས་ཅད་རྨི་ལམ་གྱི་སྣང་བ་བཞིན་དུ་མཐོང་བར་གྱུར་ཏེ། འདི་དང་འདི་དག་རྣམས་ནི་ཅི་ཡིན་ཞེས་གོ་བར་འགྱུར་བ་ཡིན་ནོ། །​དེ་ནས་དེ་དག་གང་གི་ཚེ་སྤྲུལ་པར་གྱུར་པའི་ལྷ་རྣམས་ལ་དམིགས་པ་ན་དེའི་ཚེ། སྤྲུལ་པའི་སྐྱེས་བུ་དེ་དག་རྣམས་ཀྱིས་རྗེས་སུ་གདམས་པར་བྱེད་པའི་ཚིགས་སུ་བཅད་པ་བརྗོད་པ་རྣམས་ནི། ཇི་ལྟར། ལོངས་སྤྱོད་རྒྱགས་པས་རྒྱགས་པ་ཡི། །​བག་མེད་དབང་གིས་འཇུག་པ་རྣམས། །​རྨོངས་པ་རྣམས་ཀྱི་དུས་སོང་ནས། །​འཆི་བདག་དུས་སུ་འོངས་པ་ཡིན། །​ནགས་ཀྱི་དུས་འདི་མཐའ་ཡས་པ། །​དུག་གིས་གང་བ་ཇི་བཞིན་ནགས། །​སྲེད་པའི་མྱུ་གུ་རྣམ་སྤངས་པ། །​དགེ་བ་དོན་གཉེར་ཀུན་ནས་སྤངས། །​མཛེས་པའི་ལས་ནི་མ་བྱས་པར། །​བག་མེད་པས་ཀྱང་བག་མེད་འགྱུར། །​འཆི་བདག་འཇིགས་པའི་དུས་བྱུང་ན། །​བློ་གྲོས་ངན་པ་ཅི་བྱར་ཡོད། །​སྲེད་པའི་ཆུར་ནི་ནུབ་པ་གང་། །​སྡུག་བསྔལ་ཕ་རོལ་ཏུ་ཕྱིན་མིན། །​རྒ་དང་འཆི་བར་བྱིང་བ་གང་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh287.html?part=UT22084-068-021-101698#UT22084-068-021-101698