Degé Kangyur volume 66, F.280.a

སངས་རྒྱས་ཀྱི་གཟུགས་བསྟན་ནས་འདི་སྐད་ཅེས་སྨྲའོ། །​སངས་རྒྱས་ཡེ་ཤེས་བདེན་པ་ཡིས། །​སྲིད་པའི་རྒྱ་མཚོ་གང་སྒྲོལ་བ། །​ཡེ་ཤེས་དེ་ལ་མྱུར་དུ་རེག །​སྡུག་བསྔལ་ཀུན་ལས་འགྲོལ་བར་འགྱུར། །​དེའི་ཚེ་སེམས་ཅན་དེ་དག་སངས་རྒྱས་ཡིད་ལ་བྱེད་པའི་སྒྲས་དགའ་ཞིང་རངས་ནས་འཆི་བའི་དུས་བྱས་ཏེ། སངས་རྒྱས་ཀྱི་ཞིང་རྙོག་པ་མེད་པ་ཡོངས་སུ་དག་པ། གང་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ། འཚོ་བ། གཞེས་པ། ཆོས་ཀྱང་སྟོན་པ་དེར་སྐྱེ་བར་འགྱུར་རོ། །​དེ་བཞིན་དུ་ཆོས་དང་། དགེ་འདུན་ལ་བརྗོད་པར་བྱའོ། །​དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་ནོ། །​གང་ཡང་ཏིང་ངེ་འཛིན་རྣམ་པ་སྣ་ཚོགས་ལ་སེམས་ཀྱིས་ཤིན་ཏུ་དབང་བྱ་བར་འདོད་ན། དེས་ཐོ་རངས་ཀྱི་ཐུན་ལ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཏེ་མཆོད་པ་ཅི་ནུས་ཀྱིས་བྱའོ། །​སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཉེ་བར་གཞག་སྟེ་འདི་སྐད་ཅེས་བརྗོད་དོ། །​དགོངས་ཤིག་དགོངས་ཤིག །​ནམ་མཁའི་སྙིང་པོ་ཐུགས་རྗེ་ཆེན་པོ་བརྙེས་པ། བདག་ལ་དྲན་པ་དང་། ཏིང་ངེ་འཛིན་གྱི་རྣལ་འབྱོར་སྩོལ་ཅིག །​འདི་ལྟ་སྟེ། ཨུ་མུ་ར་ཎ་ཁེ། བཀྵ་མ་ནི་ལེ། ས་མུ་དྲ། ཨ་བ་ད་རེ་ན། ན་ཡ་ན་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ། ཨ་ནུ་པ་མ་ཛམ་བྷ་སྨྲྀ་ཏི། ཨ་ཀྲ་ཛམ་བྷ་སྨྲྀ་ཏི། བཛྲ་ཛམ་བྷ་སྨྲྀ་ཏི། ཀོ་ཥསྨྲྀ་ཏི། ཨ་ནུ་པ་མ་སྨྲྀཏི། བྷུཏ་ཀོ་ཊི་ཏི་སྭཱ་ཧཱ། དེ་ལ་དྲན་པ་དང་ཏིང་ངེ་འཛིན་ལ་འཇུག་པ་སྦྱིན་པར་བྱེད་དོ། །​གང་ཡང་སངས་རྒྱས་ཀྱི་བཀའ་ཡང་རུང་། ཉན་ཐོས་ཀྱིས་བཤད་པ་ཡང་རུང་སྟེ། བསྟན་བཅོས་སྣ་ཚོགས་ཀློག་པར་འདོད་ན། དེས་ཁྲུས་བྱས་ཏེ་སྐྱ་རེངས་འབྱུང་བའི་ཚེ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་ལ་ཕྱག་བྱའོ། །​མཆོད་པ་ཅི་ནུས་ཀྱིས་བྱའོ། །​སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་སུ་བྱའོ། །​འདི་སྐད་ཀྱང་བརྗོད་པར་བྱའོ། །​དགོངས་ཤིག་དགོངས་ཤིག །​མཁས་པ་ཆེན་པོ་སེམས་ཅན་ཐམས་ཅད་ཀྱི་ནང་ན་བསམ་གྱིས་མི་ཁྱབ་པའི་རིགས་ཀྱི་བུ་ནམ་མཁའི་སྙིང་པོ་གང་ཟག་གི་མཆོག །​དྲན་པ་དང་ཏིང་ངེ་འཛིན་གྱི་རྣལ་འབྱོར་བདག་ལ་སྩོལ་ཅིག །​འདི་ལྟ་སྟེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh260.html?part=UT22084-066-018-351#UT22084-066-018-351