Degé Kangyur volume 64, F.253.a

ཅད་ལ་བསྟི་སྟང་དུ་བྱའོ། །​བླ་མར་བྱའོ། །​རི་མོར་བྱའོ། །​མཆོད་པར་བྱའོ། །​རིན་པོ་ཆེ་དང་། སྤོས་དང་། མེ་ཏོག་སྣ་ཚོགས་ཐམས་ཅད་ཀྱི་ཁང་པ་བརྩེགས་པ་མ་འདྲེས་པ་རྒྱ་མཚོའི་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཁ་དོག་མཐའ་ཡས་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་སྒྲོན་མ་དང་། སྤོས་ཀྱི་འོད་འཕྲོ་བ་ཅན་གྱི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། མུ་ཏིག་ཐམས་ཅད་ཀྱིས་རྣམ་པར་སྤྲས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་ཐམས་ཅད་ཀྱི་ཟེ་བ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེའི་ཕྲེང་བ་མཐའ་ཡས་པས་ལེགས་པར་བརྒྱན་པའི་ཁང་པ་བརྩེགས་པའི་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ནས། ཕྱོགས་བཅུ་ཀུན་དུ་འོད་ཟེར་སྣང་བའི་སྙིང་པོ་ཅན། བཀོད་པ་ཐམས་ཅད་ཡང་དག་པར་འདུ་བའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། རིན་པོ་ཆེ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱིས་རབ་ཏུ་བརྒྱན་པ་བཀོད་པ་དུ་མ་ཀུན་དུ་སྟོན་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། བཀོད་པ་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ཀུན་དུ་རྒྱས་པར་འགེངས་པའི་ཁང་པ་བརྩེགས་པ་རྒྱ་མཚོ་སྤྲིན་རྣམས་དང་། སྒོ་ཀུན་དུ་མེ་ཏོག་གི་རྟ་བབས་དྲིལ་བུའི་དྲ་བ་དཔྱངས་པ་རྒྱ་མཚོ་སྤྲིན་རྣམས་ཀྱིས་ནམ་མཁའི་དཀྱིལ་ཀུན་དུ་ཁེབས་པར་བྱིན་གྱིས་བརླབས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྒྱ་མཚོ་ཐམས་ཅད་ལ་བསྟི་སྟང་དུ་བྱའོ། །​བླ་མར་བྱའོ། །​རི་མོར་བྱའོ། །​མཆོད་པར་བྱའོ། །​གསེར་དང་། རིན་པོ་ཆེ་སྣ་ཚོགས་ཀྱི་ཙོང་ཙོང་དང་། ཕྲེང་བ་དང་། རིན་པོ་ཆེའི་མགུལ་གདུབ་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། མེ་ཏོག་ལྟར་སྣང་བ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ཨན་ད་རྙིལ་དང་། འཛམ་བུའི་ཆུ་བོའི་གསེར་གྱི་པད་མ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། ནོར་བུ་རིན་པོ་ཆེའི་སྒྲོན་མའི་པད་མའི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་ནོར་བུ་རིན་པོ་ཆེ་སྣང་གསལ་རྒྱལ་མཚན་གྱི་པད་མ་སྣ་ཚོགས་ཀྱི་སྙིང་པོ་ཅན་གྱི་སེང་གེའི་ཁྲི་རྒྱ་མཚོ་སྤྲིན་རྣམས་དང་། རིན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh235.html?part=UT22084-064-005-486#UT22084-064-005-486