Degé Kangyur volume 64, F.93.a

།རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མདོ་སྡེ་འཛིན་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། འདུལ་བ་ཡང་རབ་ཏུ་ཤེས། འདུལ་བའི་ཚུལ་ཡང་རབ་ཏུ་ཤེས། འདུལ་བ་ཟབ་པ་ཡང་རབ་ཏུ་ཤེས། འདུལ་བ་ཞིབ་པ་ཡང་རབ་ཏུ་ཤེས། རུང་བ་དང་མི་རུང་བ་ཡང་རབ་ཏུ་ཤེས། རང་བཞིན་གྱིས་ཁ་ན་མ་ཐོ་བ་ཡང་རབ་ཏུ་ཤེས། བཅས་པའི་ཁ་ན་མ་ཐོ་བ་ཡང་རབ་ཏུ་ཤེས། སོ་སོར་ཐར་པའི་བསླབ་པའི་གླེང་གཞི་དང་འབྱུང་བ་ཡང་རབ་ཏུ་ཤེས། ཉན་ཐོས་ཀྱི་འདུལ་བ་ཡང་རབ་ཏུ་ཤེས། བྱང་ཆུབ་སེམས་དཔའི་འདུལ་བ་ཡང་རབ་ཏུ་ཤེས་སོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་འདུལ་བ་འཛིན་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། སྤྱོད་ཡུལ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་བསླབ་པ་དག་ལ་ཤིན་ཏུ་བསླབས་པ་རྣམས་ཡིན། རང་སངས་རྒྱས་ཀྱི་བསླབ་པ་དག་ལ་ཤིན་ཏུ་བསླབས་པ་རྣམས་ཡིན། བྱང་ཆུབ་སེམས་དཔའི་བསླབ་པ་དག་ལ་ཤིན་ཏུ་བསླབས་པ་རྣམས་ཡིན། དེ་དག་ཤིན་ཏུ་བསླབས་པས་ན་ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་རྣམས་ཡིན། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པས་དགེ་སྦྱོང་གི་ཚུལ་དང་འཐུན་པ་མ་ཡིན་པའི་སྤྱོད་ཡུལ་རྣམས་ཡོངས་སུ་སྤོང་ངོ་། །​དེ་དག་དེའི་ཕྱིར་གནས་མ་ཡིན་པར་མི་སྤྱོད། ཡུལ་མ་ཡིན་པ་དང་། དུས་མ་ཡིན་པར་མི་སྤྱོད། དེ་དག་དགེ་སྦྱོང་གི་སྤྱོད་ཡུལ་ལ་སྤྱོད་པས་སྤྱོད་པ་ཕུན་སུམ་ཚོགས་པ་རྣམས་ཡིན་ཏེ། དགེ་སྦྱོང་ངམ། བྲམ་ཟེས་འདི་ལྟ་སྟེ། དོན་དང་མི་ལྡན་པ་དེ་དང་། དེས་མཚང་འདྲུར་མེད་ལ་གཞན་དག་ཀྱང་བསླབ་པ་དེ་སྙེད་ལ་འཇོག་པར་བྱེད་དོ། །​དེ་དག་སྤྱོད་པ་ཕུན་སུམ་ཚོགས་པས་སྤྱོད་ལམ་མཛེས་པ་ཕུན་སུམ་ཚོགས་པ་ཡིན། སྤྱོད་ལམ་རབ་ཏུ་ཞི་བས་སྤྱོད་ལམ་བཅོས་པ་མེད་པ་དང་ལྡན་པ་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་ཆོ་ག་དང་། སྤྱོད་ཡུལ་དང་། སྤྱོད་པ་དང་། སྤྱོད་ལམ་ཕུན་སུམ་ཚོགས་པ་རྣམས་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1182#UT22084-064-001-1182