Degé Kangyur volume 64, F.92.b

རྒྱུན་མི་ཆད་པར་ཞི་གནས་དང་། ལྷག་མཐོང་ལ་གནས་པས་གནས་པ་ཡིན། དེ་ལ་ཞི་གནས་ནི་སེམས་རྩེ་གཅིག་པའོ། །​ལྷག་མཐོང་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཆོས་ལ་སོ་སོར་རྟོག་པའོ། །​དེ་སེམས་མཉམ་པར་གཞག་པས་འགྱོད་པ་མེད་ཅིང་རབ་ཏུ་དགའ་བ་ཡིན་ནོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པའི་ཕྱིར་རོ། །​ཚུལ་ཁྲིམས་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་སྤྱོད་པ་ཡིན་ཏེ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ལ་ནི་རྣལ་འབྱོར་ཡང་དག་པར་འགྲུབ་བོ། །​ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་ནི་རྣལ་འབྱོར་ལ་སྤྱོད་དེ། དེ་བས་ན་རྣལ་འབྱོར་ལ་སྤྱོད་པ་རྣམས་ཞེས་བྱའོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣལ་འབྱོར་སྤྱོད་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་མདོ་སྡེ་འཛིན་པ་རྣམས་ཡིན་ནོ། །​བཅུ་གང་ཞེ་ན། འདི་ལྟ་སྟེ། དམ་པའི་ཆོས་ཀུན་བསྲུང་བའི་ཕྱིར་ཐོས་པ་འཛིན་གྱི་ཟང་ཟིང་གི་ཕྱིར་མ་ཡིན་ནོ། །​བསྟན་པ་ཀུན་བསྲུང་བའི་ཕྱིར་ཐོས་པ་འཛིན་གྱི་རྙེད་པའི་ཕྱིར་མ་ཡིན་ནོ། །​དཀོན་མཆོག་གསུམ་གྱི་རིགས་མི་འཆད་པའི་ཕྱིར་ཐོས་པ་འཛིན་གྱི་བཀུར་སྟིའི་ཕྱིར་མ་ཡིན་ནོ། །​ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་ཐོས་པ་འཛིན་གྱི་གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པའི་ཕྱིར་མ་ཡིན་ནོ། །​མགོན་མེད་པའི་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར་ཐོས་པ་འཛིན་ཏོ། །​སྡུག་བསྔལ་བའི་སེམས་ཅན་རྣམས་ལ་བདེ་བར་བྱ་བའི་ཕྱིར་ཐོས་པ་འཛིན་ཏོ། །​ཤེས་རབ་ཀྱི་མིག་དང་བྲལ་བའི་སེམས་ཅན་རྣམས་ཤེས་རབ་ཀྱི་མིག་འཐོབ་པར་བྱ་བའི་ཕྱིར་ཐོས་པ་འཛིན་ཏོ། །​ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཉན་ཐོས་ཀྱི་ཐེག་པའི་ལམ་བསྟན་པའི་ཕྱིར་ཐོས་པ་འཛིན་ཏོ། །​ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་ཐེག་པ་ཆེན་པོའི་ལམ་བསྟན་པའི་ཕྱིར་ཐོས་པ་འཛིན་ཏོ། །​བདག་ཉིད་ཀྱང་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཐོས་པ་འཛིན་གྱི་ཐེག་པ་ཆུང་ངུ་ལ་ནི་མི་སྨོན་ཏོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མདོ་སྡེ་འཛིན་པ་རྣམས་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1181#UT22084-064-001-1181