Degé Kangyur volume 64, F.92.a

ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་པ་དང་། མ་ཐོབ་པ་ལ་ཐོབ་པར་འདུ་ཤེས་པ་དང་། འཕྲལ་གྱི་བྱ་བ་ལ་ཆགས་པ་དང་། བྱེད་པ་ངན་པས་གཡེངས་པ་དང་། དགེ་བའི་ཕྱོགས་རྒྱ་ཆེན་པོ་རྣམ་པར་སྤོང་བ་དང་། ཐེག་པ་ཆེན་པོ་ལ་མི་བསྔགས་པ་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་བསྔགས་པ་བརྗོད་པ་དང་། ཐེག་པ་ཆེན་པོ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་མི་བསྔགས་པ་བརྗོད་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་མངོན་པར་དད་པའི་གང་ཟག་རྣམས་ལ་བསྔགས་པ་བརྗོད་པ་དང་། རྩོད་པ་ལྷུར་ལེན་པ་དང་། འཐབ་པའི་ངང་ཚུལ་ཅན་དང་། བརླང་བ་དང་། རྩུབ་པ་དང་། ཕོ་ཐེག་ཅན་དང་། སྤྱི་རྟོལ་ཆེ་བ་དང་། གཏུམ་པ་དང་། གདུག་པ་དང་། ངག་མི་སྙན་པ་དང་། མུ་ཅོར་སྨྲ་བ་དང་། མི་གཙིགས་པར་སྨྲ་བ་དང་། ངན་དུ་སྨྲ་བས་སྨྲ་བ་དང་། བརྫུན་ཟེར་བ་དང་། སྤྲོས་པ་ལ་མངོན་པར་དགའ་བ་དང་། སྤྲོས་པ་ལ་གཞོལ་བ་ནི་སྐྱོན་ནོ། །​དེ་དེ་ལྟར་སྐྱོན་ལ་མཁས་པས་སྤྲོས་པ་ཐམས་ཅད་དང་བྲལ་བར་བྱ་བའི་ཕྱིར་སྟོང་པ་ཉིད་སྒོམ་པ་ལ་རྣལ་འབྱོར་དུ་བྱེད་དོ། །​དེ་སྟོང་པ་ཉིད་ལ་སྒོམ་པ་མང་བས་གནས་གང་དང་གང་དག་ལ་སེམས་འཇུག་ཅིང་སེམས་མངོན་པར་དད་པའི་གནས་དེ་དང་དེ་དག་ལ་ངོ་བོ་ཉིད་ཡོངས་སུ་བཙལ་ན་སྟོང་པར་རྟོགས་སོ། །​སེམས་དེ་གང་ཡིན་པ་དེ་ཡང་ཡོངས་སུ་བརྟགས་ན་སྟོང་པའོ། །​གང་གིས་བརྟགས་པ་དེ་ཡང་སྟོང་པར་རྟོགས་སོ། །​དེ་དེ་ལྟར་རྟོགས་པས་མཚན་མ་མེད་པ་ལ་རྣལ་འབྱོར་དུ་བྱེད་དོ། །​དེ་ལ་ནང་གི་མཚན་མ་གང་དང་གང་སྣང་བར་གྱུར་པ་དེ་དང་དེ་དག་མཚན་མ་མེད་པར་བྱེད་དོ། །​ཅི་ནས་ཀྱང་ལུས་མི་དམིགས་པ་དང་། ལུས་ལ་དྲན་པ་ཉེ་བར་མི་འཇོག་པ་དང་། ལུས་ལ་སེམས་མི་གཏོང་བ་དང་། ཕྱི་རོལ་གྱི་མཚན་མ་རྣམས་མི་དམིགས་པ་དང་། ཕྱི་རོལ་གྱི་མཚན་མ་རྣམས་ལ་དྲན་པ་ཉེ་བར་མི་འཇོག་པ་དང་། སེམས་མི་གཏོང་བ་དེ་ལྟར་མཚན་མ་མེད་པར་བྱེད་དོ། །​དེ་ཕྱི་རོལ་གྱི་མཚན་མ་རྣམས་དང་བྲལ་བ་དང་། ལུས་ཀྱི་མཚན་མ་རྣམས་དང་བྲལ་བས་ནང་གི་མཚན་མ་རྣམས་སྤང་བའི་ཕྱིར་ཞུགས་ཏེ། སྒོམ་པ་ལ་མངོན་པར་དགའ་བ་སྐྱེད་དོ། །​དེ་སྒོམ་པ་མང་བས་རྟག་ཏུ་སྒོམ་པ་ལ་བརྩོན་པ་ཡིན། རྒྱུན་མི་ཆད་པར་ཞི་གནས་དང་།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1180#UT22084-064-001-1180