Degé Kangyur volume 64, F.86.a

།རིགས་ཀྱི་བུ་དེ་ལ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་ཅན་རྣམས་ལ་ཕན་པར་ཞུགས་པ་ཡིན་པ་ནས། ཇི་ལྟར་ན་རིལ་པོའི་འདུ་ཤེས་མེད་པའི་བར་དུ་ཡིན་ཞེ་ན། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་དགེ་བའི་རྩ་བ་ཆུང་བ་དང་། དགེ་བའི་རྩ་བ་ཆུང་ངུ་དང་ལྡན་པ་སྡུག་བསྔལ་བ་དག་མཐོང་ན། སེམས་ཅན་དེ་དག་ལ་ཕན་པར་བྱ་བའི་ཕྱིར་བསོད་སྙོམས་པའི་ཡི་དམ་འཛིན་ཏེ། དེ་ནམ་གྲོང་ངམ། གྲོང་ཁྱེར་རམ། གྲོང་འདབ་ཏུ་བསོད་སྙོམས་ཀྱི་ཕྱིར་འགྲོ་བ་དེའི་ཚེ་དྲན་པ་ཤིན་ཏུ་ཉེ་བར་གཞག་པ་དང་། སྤྱོད་ལམ་མཛེས་པས་དབང་པོ་མི་གཡོ་བ་དང་། དབང་པོ་མི་རྒོད་པ་དང་། དབང་པོ་དུལ་བ་དང་། གཉའ་ཤིང་གང་ཙམ་དུ་བལྟ་བ་དང་། དགེ་བའི་ཆོས་རྣམས་ལ་དྲན་པ་ཤིན་ཏུ་ཉེ་བར་གཞག་ཅིང་བསོད་སྙོམས་ཀྱི་ཕྱིར་འགྲོའོ། །​དེ་བསོད་སྙོམས་ཀྱི་ཕྱིར་འགྲོ་ན་བསོད་སྙོམས་མཐར་གྱིས་ལེན་པ་ཡིན་ཏེ། མགོ་འཕང་བསྟོད་ཅིང་བྲམ་ཟེའི་རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། རྒྱལ་རིགས་ཤིང་སཱ་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་ངམ། ཁྱིམ་བདག་ཤིང་ས་ལ་ལྟར་ཆེ་ཞིང་མཐོ་བའི་གྲོང་འབྱོར་པ་དག་ཏུ་མི་འཇུག་གི་མཐའ་གཅིག་ནས་བཟུང་སྟེ། ནམ་དེའི་དོན་གྲུབ་པར་གྱུར་གྱི་བར་དུ་བསོད་སྙོམས་ལ་སྤྱོད་དེ། གཞན་དུ་ན་གནས་གང་ན་ཁྱི་ཟ་བའམ། བ་དྲུས་མའམ། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པ་རང་བཞིན་གྱིས་ངང་ཚུལ་ངན་པའི་སྲོག་ཆགས་སམ། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ཀྱལ་ཀ་བྱ་བའི་བསམ་པ་ཅན་དག་ཡོད་པའམ། སྨད་པའི་གནས་ཐམས་ཅད་དུ་ཐམས་ཅད་ཡོངས་སུ་སྤོང་སྟེ། དེ་མཐར་གྱིས་བསོད་སྙོམས་ལ་འགྲོ་ན་ཡོངས་སུ་ཡི་མི་འཆད་ཅིང་ཀུན་ནས་ཉོན་མོངས་པ་མེད་ལ། སེམས་ཅན་དེ་དག་ལ་ཆགས་པ་ཡང་མི་སྐྱེད། ཁོང་ཁྲོ་བ་ཡང་མི་སྐྱེད་དེ། ཡོངས་སུ་ཡི་འཆད་པ་མེད་པས་སོ་སོ་ཅི་རིགས་པའི་བསོད་སྙོམས་ངན་ངོན་གྱིས་ཆོག་ཤེས་པ་ཡིན་ཏེ། དེས་བསོད་སྙོམས་དེ་བླངས་ནས་བདག་གི་གནས་སུ་འོངས་ཏེ། ལྷུང་བཟེད་དང་། ཆོས་གོས་བཞག །​རྐང་ལག་བཀྲུས་ཏེ། དེ་བཞིན་གཤེགས་པའི་གཟུགས་སམ། དེ་བཞིན་གཤེགས་པའི་མཆོད་རྟེན་རྣམས་ལ་བཀུར་སྟི་དང་། རིམ་གྲོ་བྱས་ཏེ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1168#UT22084-064-001-1168