Degé Kangyur volume 64, F.75.a

།རིགས་ཀྱི་བུ་སེམས་ཅན་གང་དག་གིས་ཡུན་རིང་པོ་ནས་བདག་ཅག་གིས་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བའི་ཚེ་མཆོད་པའི་ལས་ལ་བརྩོན་པར་བྱའོ་ཞེས་སྨོན་ལམ་བཏབ་པ་ཡོད་པ་དེ་དག་ལ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་སྟོན་ལ། དེ་དག་ཀྱང་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་སོ་སོའི་ཚུལ་བཞིན་དུ་མཆོད་པ་བྱེད་དེ། དེ་དག་གིས་བྱང་ཆུབ་སེམས་དཔའ་ལ་མཆོད་པ་བྱས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་རོ། །​རིགས་ཀྱི་བུ་སེམས་ཅན་གང་དག་ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པས་རློམ་པ་ཡོད་དེ། དེ་དག་དེ་ལས་བཟློག་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ཅིང་བདུད་འདུལ་བ་སྟོན་ཏོ། །​སེམས་ཅན་གང་ཞི་བ་ལ་གནས་པ་དེ་དག་དེ་ལས་གོང་དུ་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་སྟོན་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བ་དེའི་ཚེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སྒྲ་སྣ་ཚོགས་དང་། ཅ་ཅོ་སྣ་ཚོགས་གང་ཡོད་པ་དེ་དག་ཐམས་ཅད་མེད་ཅིང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་ཞི་བར་འགྱུར་ཏེ། དེ་དག་གིས་མཐུ་དེ་མཐོང་ན། བདག་ཅག་ཀྱང་དེ་ལྟར་བྱང་ཆུབ་ཀྱི་སྙིང་པོ་ལ་འཁོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱའོ་ཞེས་སྨོན་ལམ་འདེབས་སོ། །​རིགས་ཀྱི་བུ་སེམས་ཅན་གང་སྟོན་པར་བཀུར་བ་དང་། སྟོན་པར་དམ་བཅའ་ལ་དེ་དག་གིས་འབྱུང་བ་དང་། ཕྱི་མའི་ཆོས་མངོན་པར་རྫོགས་པར་སངས་མ་རྒྱས་པ་ཡོད་པ་དེ་དག་ཚར་གཅད་པ་དང་། སེམས་ཅན་དགེ་བའི་རྩ་བ་ཡོངས་སུ་སྨིན་ཅིང་སྣོད་དུ་གྱུར་པ་རྣམས་ལ་ལམ་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ཀ་ཤིའི་གྲོང་རྡལ་དུ་སོང་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་རྣམ་པ་བཅུ་གཉིས་སུ་བསྐོར་རོ། །​རིགས་ཀྱི་བུ་སེམས་ཅན་གང་དག་ཡོངས་སུ་མྱ་ངན་ལས་འདས་པས་འདུལ་བ་ཡོད་པ་དེ་དག་འདུལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཏེ། རིགས་ཀྱི་བུ་འདི་ནི་རྒྱུ་འདི་ནི་རྐྱེན་ཏེ། དེས་བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་ཕོ་བྲང་དམ་པ་ནས་ཤི་འཕོ་སྟོན་ཅིང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བར་དུ་སྟོན་ཏོ། །​རིགས་ཀྱི་བུ་ཆོས་བཅུ་པོ་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པས་རྣམ་པར་རོལ་པ་རྣམས་ཡིན་ནོ། །​རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་མི་ཁོམ་པ་བརྒྱད་རྣམ་པར་སྤངས་པ་རྣམས་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1146#UT22084-064-001-1146