Degé Kangyur volume 64, F.6.a

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་སྤྱན་དེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་སོང་ཤིག །​བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་སྤྱན་དེ་ལ་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བདག་ཅག་ཀྱང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་དེ་བལྟ་བ་དང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་ཡང་ཕྱག་འཚལ་བ་དང་། བསྙེན་བཀུར་བགྱི་བ་དང་། བཙུན་པར་བགྱི་བ་དང་། རི་མོར་བགྱི་བ་དང་། བཀུར་སྟི་བགྱི་བ་དང་། མཆོད་པ་བགྱི་བའི་སླད་དུ་མཆིའོ། །​དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མའི་སྤྱན་དེས་བྱང་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རིགས་ཀྱི་བུ་དག་དེའི་དུས་ལ་དབབ་པར་ཤེས་ན་ཁྱོད་དེང་ཤིག །​འཇིག་རྟེན་གྱི་ཁམས་དེར་བག་ཡོད་པར་གནས་པས་གནས་པར་གྱིས་ཤིག །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་གྱི་ཁམས་དེའི་སེམས་ཅན་དེ་དག་ནི་རབ་ཏུ་འདོད་ཆགས་མང་བ། ཞེ་སྡང་མང་བ། གཏི་མུག་མང་བ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། ཕར་མི་ཤེས་པ། མར་མི་ཤེས་པ། ཆོས་མ་ཡིན་པ་འདོད་པ་མང་བ། བརླང་བ། གཏུམ་པ། ཞེ་གཅོད་པ། མུ་ཅོར་སྨྲ་བ། ཕོ་ཐེག་ཅན། གཡེངས་པ། བརྐམ་པ། ལེ་ལོ་ཅན། ངན་པའི་ངང་ཚུལ་ཅན། སྡིག་པའི་ཆོས་ཅན། ཕྲག་དོག་དང་སེར་སྣས་ཡོངས་སུ་དཀྲིས་པ། ཉོན་མོངས་པ་དུ་མས་ཉེ་བར་ཉོན་མོངས་པར་གྱུར་པ་རྣམས་ཏེ། སེམས་ཅན་དེ་འདྲ་བ་དེ་དག་གི་ནང་ན་དེ་བཞིན་གཤེགས་པ་དེ་ཆོས་སྟོན་ཏོ། །​བྱང་ཆུབ་སེམས་དཔའ་དེ་དག་གིས་གསོལ་པ། བཅོམ་ལྡན་འདས་གང་འདི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་ན་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པ་དེ་དཀའ་བ་མཛད་པ་ལགས་སོ། །​བཅོམ་ལྡན་འདས་དེས་བཀའ་སྩལ་པ། དེ་དེ་བཞིན་ནོ། །​རིགས་ཀྱི་བུ་དག་དེ་བཞིན་ཏེ། གང་འདི་འདྲ་བའི་སེམས་ཅན་རྣམས་ཀྱི་ནང་ན་ཆོས་སྟོན་པ་ནི་དེ་བཞིན་གཤེགས་པ་དེ་དཀའ་བ་མཛད་པ་ཡིན་ནོ། །​རིགས་ཀྱི་བུ་དག་གང་དེ་ལྟ་བུར་ཀུན་ནས་ཉོན་མོངས་པར་གྱུར་པའི་འཇིག་རྟེན་གྱི་ཁམས་ན་དགེ་བའི་སེམས་གཅིག་ཙམ་བསྐྱེད་པའི་སེམས་ཅན་དེ་དག་ཀྱང་དཀའ་བ་བྱེད་པ་ཡིན་ནོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh231.html?part=UT22084-064-001-1008#UT22084-064-001-1008