Degé Kangyur volume 62, F.49.b

།རྟའི་རྨིག་པས་ཀྱང་པད་མའི་འདབ་མ་མི་རྡོལ་བ་དེ་ལྟ་བུའི་ཤིང་རྟ་དེས་དྲངས་པ་ལས་མཚོ་ཆེན་པོ་དེ་ནས་སྦྲུལ་གདུག་པ་སྟེང་དུ་བྱུང་སྟེ། སྐད་ཅིག་གང་ལ་ཤིང་རྟ་བསྒྱུར་བའི་སྐད་ཅིག་དེ་ལ་སྦྲུལ་གདུག་པ་དེས་ཤིང་རྟ་དེ་ལན་བཅུར་བསྐོར་ཏེ། འཇམ་དཔལ་སྐད་ཅིག་གང་གིས་སྦྲུལ་གདུག་པས་ཤིང་རྟ་དེ་ལན་ཅིག་བསྐོར་བའི་སྐད་ཅིག་དེ་ལ་དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བསྟན་པ་བཤད་དེ་དོན་ཀྱང་རིག་པར་བྱེད་དོ། །​དགེ་སློང་ཀུན་དགའ་བོས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་རྣམ་པ་སྟོང་བསྟན་པ་བཤད་ནས་དོན་ཀྱང་རིག་པར་བྱེད་དོ། །​དགེ་སློང་ཤཱ་རིའི་བུས་སྐད་ཅིག་གང་ལ་ཆོས་གཅིག་བསྟན་པ་བཤད་པའི་སྐད་ཅིག་དེ་ལ་གནས་བརྟན་མཽད་གལ་གྱི་བུས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ། །​གནས་བརྟན་མཽད་གལ་གྱི་བུས་སྐད་ཅིག་གང་ལ་འཇིག་རྟེན་གྱི་ཁམས་གཅིག་འདས་པའི་སྐད་ཅིག་དེ་ལ། དེ་བཞིན་གཤེགས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་གླིང་རེ་རེར་དགའ་ལྡན་གྱི་གནས་ན་གནས་པ་ལས་འཕོ་བ་དང་། སྐྱེ་བ་དང་། མངོན་པར་འབྱུང་བ་དང་། དཀའ་བ་སྤྱོད་པ་དང་། སྦྱོར་བ་དང་། བྱང་ཆུབ་ཀྱི་སྙིང་པོར་བཞུད་པ་དང་། བདུད་འདུལ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདའ་བ་ཆེན་པོ་དང་། ཆོས་གནས་པ་དང་། ཆོས་ནུབ་པ་དུས་གཅིག་ཏུ་སྟོན་ཏོ། །​མུ་སྟེགས་ཅན་གྱི་གནས་ཀྱི་སྤྱོད་པ་དང་། སྐྱེས་པའི་རབས་ཐམས་ཅད་དུ་ཡང་དུས་གཅིག་ཏུ་སྣང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། མཁྱེན་པ་ཐོགས་པ་མེད་པ་དང་། གཟིགས་པ་ཐོགས་པ་མེད་པ་དབྱེར་མེད་པ་དང་མི་རྟེན་ཅིང་དབྱེར་མེད་པའི་ཕྱིར་རོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན། རིན་པོ་ཆེ་བཻ་དཱུརྱ་ལས་དངོས་པོའི་དབང་གིས་གཞལ་དུ་མེད་པའི་བྱ་བ་དག་འབྱུང་སྟེ། བཻ་དཱུརྱ་ནི་མི་རྟོག་རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་འཐུན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་གཞལ་དུ་མེད་པ་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་དབང་གིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་དུ་དུས་གཅིག་ཏུ་སྐད་ཅིག་སྐད་ཅིག་ལ་མཛད་པ་གཞལ་དུ་མེད་པ་དག་འབྱུང་མོད་ཀྱི།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-806#UT22084-062-001-806