Degé Kangyur volume 62, F.47.b

སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །​འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །​བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་སོ་སོ་ཡང་དག་པར་རིག་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །​འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །​བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་མངོན་པར་ཤེས་པའི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་མངོན་པར་ཤེས་པའི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །​འཇིག་རྟེན་གྱི་ཁམས་ལྔ་བཅུའི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་གྲངས་མེད་པའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ནི་རབ་ཏུ་ཉུང་གི །​བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རེ་རེའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་སྨོན་ལམ་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པ་དེ་དག་སྨོན་ལམ་གྱི་བྱེ་བྲག་གཞན་དང་གཞན་ཐོབ་པའི་སྟོབས་བསྐྱེད་པའི་བྱིན་གྱི་རླབས་ཀྱིས་དེ་བཞིན་གཤེགས་པ་གཞན་དང་གཞན་མཐོང་བ་དག་ནི་ཆེས་མང་ངོ་། །​འཇམ་དཔལ་དེ་བཞིན་དུ་སྦྱར་ཏེ། རྟེན་པ་རྣམས་དང་། ངོ་མཚར་གྱི་འདུ་ཤེས་རྣམས་དང་། སྤྱོད་པ་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་དང་། བརྩོན་འགྲུས་རྩོམ་པ་རྣམས་དང་། དབུགས་འབྱིན་པ་རྙེད་པ་རྣམས་དང་། སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་རྣམས་དང་། ཚུལ་ཁྲིམས་རྣམས་དང་། ལུང་བསྟན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དག་ལ་འཇུག་པ་རྣམས་དང་། དེ་བཞིན་གཤེགས་པ་ལ་འཇུག་པ་རྣམས་དང་། སེམས་ཅན་གྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-802#UT22084-062-001-802