Degé Kangyur volume 62, F.44.b

དེ་ཅིའི་ཕྱིར་ཞེ་ན། མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་རོ། །​འཇམ་དཔལ་འདི་ལྟ་སྟེ་དཔེར་ན། ཟླ་བ་ཡར་གྱི་ངོ་ཚེས་བཅོ་ལྔའི་ནམ་ཕྱེད་ཀྱི་དུས་ན་འཛམ་བུའི་གླིང་གི་སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ཐམས་ཅད་ཀྱིས་ཟླ་བའི་དཀྱིལ་འཁོར་མདུན་ན་འདུག་པར་མཐོང་ཡང་ཟླ་བའི་དཀྱིལ་འཁོར་ནི་མི་རྟོག །​རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་བྱ་བ་འདི་ལྟ་བུ་འདི་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་སེམས་ཅན་བསམ་པ་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དེ་དག་གིས་དེ་བཞིན་གཤེགས་པ་མདུན་ན་བཞུགས་པར་མཐོང་ཡང་དེ་བཞིན་གཤེགས་པ་ནི་མི་རྟོག །​རྣམ་པར་མི་རྟོག་མོད་ཀྱི། འོན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པའི་ཕྱིར་མི་རྟོག་ཅིང་ལྷུན་གྱིས་གྲུབ་པར་མཛད་པ་འདི་ལྟ་བུ་འདི་དག་འབྱུང་ངོ་། །​འཇམ་དཔལ་དེ་བཞིན་གཤེགས་པའི་ཀུན་ནས་མངོན་དུ་གྱུར་པ་མདོར་བསྟན་པ་ཡིན་ཏེ། རྒྱས་པར་ནི་ཕྱི་མའི་མཐའི་མུའི་བསྐལ་པར་བྱིན་གྱིས་བརླབས་ཀྱང་བསྟན་པར་མི་ནུས་སོ། །​འཇམ་དཔལ་དེ་བཞིན་གཤེགས་པའི་ཞིང་ཡོངས་སུ་སྦྱོང་བ་ལ་མི་འཇིགས་པ་ནི་དེ་བཞིན་གཤེགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་རེ་རེ་དང་། རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་འཇུག་གོ། །​དེ་ལ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་བསོད་ནམས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །​འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །​འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་ཤེས་ཀྱིས་རྣམ་པར་སྦྱོང་ངོ་། །​འཇིག་རྟེན་གྱི་ཁམས་རྒྱ་མཚོ་ལ་ལ་ནི་ས་རྒྱ་མཚོ་གྲངས་མེད་པའི་བྱེ་བྲག་བསྟན་པའི་ཡེ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-796#UT22084-062-001-796