Degé Kangyur volume 62, F.32.b

དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དོན་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་བསྟན་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ནི་ཆོས་རྣམས་ལ་ཀུན་རྫོབ་ཤེས་པ་དང་དབྱེར་མེད་པ་གང་ཡིན་པའོ། །​བདག་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་གནས་ཀྱིས། གཞན་དག་ཀྱང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ནི་ཆོས་ཐམས་ཅད་ཀྱི་དོན་དམ་པ་ལ་མཁས་པའི་ཡེ་ཤེས་གང་ཡིན་པའོ། །​བདག་ནི་དྲན་པ་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པ་ནི་མི་བརྗེད་པའི་ཆོས་ཉིད་དོ། །​བདག་ནི་བློ་གྲོས་ལ་གནས་ཀྱིས། གཞན་དག་ཀྱང་བློ་གྲོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བློ་གྲོས་ནི་ཤིན་ཏུ་རྣམ་པར་ངེས་པའི་ཡེ་ཤེས་གང་ཡིན་པའོ། །བདག་ནི་བརྟན་པ་ལ་གནས་ཀྱིས། གཞན་དག་ཀྱང་བརྟན་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྟན་པ་ནི་སྡོམ་པ་ལ་སྤྱོད་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་རྟོགས་པ་ལ་གནས་ཀྱིས། གཞན་དག་ཀྱང་རྟོགས་པ་ལ་དགོད་དོ་ཞེས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-772#UT22084-062-001-772