Degé Kangyur volume 62, F.27.b

བདག་ནི་ཆོས་ལ་གནས་ཀྱིས། གཞན་དག་ཀྱང་ཆོས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཆོས་ནི་ཐ་མི་དད་ཅིང་མི་གནས་པ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་གཞོམ་པ་ཡང་མ་ཡིན། ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་མི་གཞོམ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་ཞུགས་ཀྱིས། གཞན་དག་ཀྱང་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་གཞོམ་པ་ཡང་མ་ཡིན། ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམས་མི་གཞོམ་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་གཟུད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མ་ཡིན་པའི་ཕྱིར་ཏེ། ཉོན་མོངས་པའི་རང་བཞིན་ལས་ཡེ་ཤེས་གཞན་མེད་པས་ཉོན་མོངས་པའི་རང་བཞིན་ཉིད་ཡེ་ཤེས་ཡིན་ཏེ། ཡེ་ཤེས་དེས་ཡེ་ཤེས་དེ་ཉིད་བཙལ་བར་མི་བྱའོ། །​དཔེར་ན་མཛུབ་མོའི་རྩེ་མོ་དེ་ཉིད་ཀྱིས་མཛུབ་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་རུང་བ་དེ་ལྟར་ཡེ་ཤེས་དེ་ཉིད་ཀྱིས་ཡེ་ཤེས་དེ་ཉིད་བཙལ་བར་མི་བྱའོ། །​བདག་ནི་དེ་བཞིན་གཤེགས་པ་རྟག་པ་ཡང་མ་ཡིན། དེ་བཞིན་གཤེགས་པ་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་ཞུགས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་རྟག་པ་ཡང་མ་ཡིན། དེ་བཞིན་གཤེགས་པ་མི་རྟག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་གཟུད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་ཞེས་བྱ་བ་ནི་རློམ་སེམས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །​བདག་ནི་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བའི་ཡེ་ཤེས་འདི་ལ་ཞུགས་ཀྱིས། གཞན་དག་ཀྱང་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བའི་ཡེ་ཤེས་འདི་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ནི་སེམས་ཅན་གདུལ་བ་ཇི་ལྟ་བ་དང་། བསམ་པ་ཇི་ལྟ་བ་དེ་བཞིན་དུ་རྣམ་པར་གཞག་པ་ལས་མི་འདའ་བ་གང་ཡིན་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-762#UT22084-062-001-762