Degé Kangyur volume 62, F.17.a

པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པའི་དབང་པོ་ནི་ལེགས་པར་བྱ་བའི་ལས་བྱེད་པ་གང་ཡིན་པའོ། །​བདག་ནི་ཏིང་ངེ་འཛིན་གྱི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཏིང་ངེ་འཛིན་གྱི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་ནི་སེམས་རྣམ་པར་གྲོལ་བ་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་ཡང་དབུགས་འབྱིན་པ་རྙེད་པ་ལྔ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་ཏེ། ལྔ་གང་ཞེ་ན། འདི་ལྟ་སྟེ། བདག་ནི་ཤེས་རབ་ཀྱི་དབང་པོ་ལ་གནས་ཀྱིས། གཞན་དག་ཀྱང་ཤེས་རབ་ཀྱི་དབང་པོ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཤེས་རབ་ཀྱི་དབང་པོ་ནི་ཆོས་ཐམས་ཅད་ལ་མངོན་སུམ་དུ་ཤེས་པ་ཉིད་གང་ཡིན་པའོ། །​བདག་ནི་དད་པའི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་དད་པའི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དད་པའི་སྟོབས་ནི་བདུད་ཀྱི་ལས་ལས་ཡང་དག་པར་འདའ་བ་གང་ཡིན་པའོ། །​བདག་ནི་ཡེ་ཤེས་ཀྱི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་ཡེ་ཤེས་ཀྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་ཡེ་ཤེས་ཀྱི་སྟོབས་ནི་མི་ཤེས་པ་རྣམ་པར་འཇོམས་པ་གང་ཡིན་པའོ། །​བདག་ནི་བརྩོན་འགྲུས་ཀྱི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་བརྩོན་འགྲུས་ཀྱི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་བརྩོན་འགྲུས་ཀྱི་སྟོབས་ནི་ཕྱིར་མི་ལྡོག་པའི་ཆོས་སྒྲུབ་པ་ཉིད་གང་ཡིན་པའོ། །​བདག་ནི་དྲན་པའི་སྟོབས་ལ་གནས་ཀྱིས། གཞན་དག་ཀྱང་དྲན་པའི་སྟོབས་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་དྲན་པའི་སྟོབས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་འཛིན་པ་ཉིད་གང་ཡིན་པ་སྟེ། འཇམ་དཔལ་དབུགས་འབྱིན་པ་རྙེད་པ་ལྔ་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་པོ་ཡོངས་སུ་སྦྱོང་བར་འགྱུར་བའོ། །​འཇམ་དཔལ་གཞན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-741#UT22084-062-001-741