Degé Kangyur volume 62, F.6.a

།དེ་ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པ་ནི་དངོས་པོའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། དངོས་པོའི་རང་བཞིན་ལས་དངོས་པོ་མེད་པ་གཞན་མེད་པས་དངོས་པོའི་རང་བཞིན་ཉིད་དངོས་པོ་མེད་པ་སྟེ། དངོས་པོའི་རང་བཞིན་དངོས་པོ་མེད་པར་ཤེས་པ་དེས་ཆོས་ཐམས་ཅད་དངོས་པོ་མེད་པའོ། །​བདག་ནི་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཉིས་དང་དབྱེར་མེད་པ་གཉིས་སུ་མེད་པ་ནི་གཉིས་ཀྱི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། གཉིས་སུ་མེད་པ་ནི་གཉིས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གཉིས་ཀྱི་རང་བཞིན་ལས་གཉིས་སུ་མེད་པ་གཞན་མེད་པས་གཉིས་ཀྱི་རང་བཞིན་ཉིད་གཉིས་སུ་མེད་པ་སྟེ། གཉིས་ཀྱི་རང་བཞིན་གྱི་གཉིས་སུ་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གཉིས་སུ་མེད་པའོ། །​བདག་ནི་གཟུགས་དང་དབྱེར་མེད་པ་གཟུགས་མེད་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་གཟུགས་དང་དབྱེར་མེད་པ་གཟུགས་མེད་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་གཟུགས་དང་དབྱེར་མེད་པ་གཟུགས་མེད་པ་ནི་གཟུགས་ཀྱི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། གཟུགས་མེད་པ་ནི་གཟུགས་ཀྱི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། གཟུགས་ཀྱི་རང་བཞིན་ལས་གཟུགས་མེད་པ་གཞན་མེད་པས་གཟུགས་ཀྱི་རང་བཞིན་ཉིད་གཟུགས་མེད་པ་སྟེ། གཟུགས་ཀྱི་རང་བཞིན་གྱི་གཟུགས་མེད་པ་ཤེས་པ་དེས་ཆོས་ཐམས་ཅད་གཟུགས་མེད་པའོ། །​བདག་ནི་འཁོར་བ་དང་དབྱེར་མེད་པ་མྱ་ངན་འདས་པ་ཤེས་པ་ལ་གནས་ཀྱིས། གཞན་དག་ཀྱང་འཁོར་བ་དང་དབྱེར་མེད་པ་མྱ་ངན་འདས་པ་ཤེས་པ་ལ་དགོད་དོ་ཞེས་དབུགས་འབྱིན་པ་རྙེད་པར་འགྱུར་ཏེ། དེ་ལ་འཁོར་བ་དང་དབྱེར་མེད་པ་མྱ་ངན་འདས་པ་ནི་འཁོར་བའི་རང་བཞིན་གང་ཡིན་པའོ། །​དེ་ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འཁོར་བའི་རང་བཞིན་ལས་གཞན་མ་ཡིན་པའི་ཕྱིར་ཏེ། འཁོར་བའི་རང་བཞིན་ལས་མྱ་ངན་འདས་པ་གཞན་མེད་པས་འཁོར་བའི་རང་བཞིན་ཉིད་མྱ་ངན་ལས་འདས་པའོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh201.html?part=UT22084-062-001-720#UT22084-062-001-720