Degé Kangyur volume 61, F.288.a

།བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །​གང་གིས་ཞིང་རྣམས་གང་གཱའི་བྱེ་མ་སྙེད། །​རིན་ཆེན་གང་བར་བྱས་ནས་སྦྱིན་པ་བྱིན། །​དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །​བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །​གང་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་ཏུ། །​སེམས་ཅན་ཐམས་ཅད་ལ་ནི་མཆོད་པ་བྱེད། །​དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །​བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར། །​གལ་ཏེ་སེམས་ཅན་ཐམས་ཅད་དགྲ་བཅོམ་གྱུར། །​ཡེ་ཤེས་དབང་ཐོབ་གྱུར་པ་དེ་དག་ལ། །​བསོད་ནམས་འདོད་པའི་གང་ཟག་ལ་ལ་ཞིག །​བསྐལ་པ་ཁྲག་ཁྲིག་བར་དུ་མཆོད་པ་བྱེད། །​གང་གིས་སྙིང་རྗེ་བསྐྱེད་ནས་བྱང་ཆུབ་ཏུ། །​རྒྱ་ཆེན་སེམས་ནི་སྐྱེད་པར་བྱེད་གྱུར་ཏེ། །​སེམས་ཅན་ལ་ལ་གང་གིས་བྱང་ཆུབ་ཏུ། །​སེམས་ཀྱི་གཙོ་བོ་བསྐྱེད་པ་བྱས་ནས་ཀྱང་། །​གོམ་པ་བདུན་ནི་བོར་བའི་བསོད་ནམས་ནི། །​དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །​གལ་ཏེ་སེམས་ཅན་མཐའ་དག་སངས་རྒྱས་ཏེ། །​སྤོབས་པ་མཐའ་ཡས་ལྡན་པ་ཉིད་གྱུར་ལ། །​ཇི་ལྟར་སྔོན་གྱི་འཁོར་བའི་བསྐལ་པའི་བར། །​སེམས་ཅན་གཅིག་པུས་མཆོད་པ་བྱས་པ་དང་། །​མཁས་པའི་མི་ནི་གང་ཡང་རུང་བ་ཡིས། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་ནས་ཀྱང་། །​མེ་ཏོག་གཅིག་པུ་ཕུལ་བའི་བསོད་ནམས་འདི། །​དེ་བས་ཁྱད་པར་འཕགས་པར་འགྱུར་བ་ཡིན། །​བསྐལ་པ་བྱེ་བ་ཁྲག་ཁྲིག་མང་པོར་ནི། །​བསོད་ནམས་དེ་ཡི་བཤད་པ་བརྩམས་བྱས་ཀྱང་། །​བསོད་ནམས་འབྲས་བུ་དེ་ཡི་བཤད་པ་ནི། །​ནམས་ཀྱང་ཟད་པར་འགྱུར་བ་མ་ཡིན་ནོ། །​རིགས་ཀྱི་བུ་འདི་ལྟར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་བཟངས་འོད་དེས་རྒྱལ་པོ་གསེར་མདོག་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​རྒྱལ་པོ་ཆེན་པོ་ཆོས་གཅིག་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་ཐེག་པ་བདེ་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལ། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ཡང་མི་འགྱུར་རོ། །​ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བག་ཡོད་པ་སྟེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་བག་ཡོད་པ་ནི་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།



The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh198.html?part=UT22084-061-018-286#UT22084-061-018-286