Degé Kangyur volume 61, F.287.b
།བློན་པོ་དང་ནི་ཚོང་དཔོན་ཁྱིམ་བདག་དང་། །རྒྱལ་པོ་གཞན་དང་དེ་བཞིན་འཁོར་གྱི་རྣམས། །དེ་དག་ཀྱང་ནི་ཕྱག་འཚལ་གུས་པར་འཁོད། །ལྷ་རྣམས་ཀྱིས་ཀྱང་དེ་བཞིན་བར་སྣང་ཐམས་ཅད་ཁྱབ། །སིལ་སྙན་དཀྲོལ་ཞིང་མེ་ཏོག་ཆར་པ་ཕབ། །གསེར་གྱི་མདོག་དེ་ཡུལ་གྱི་མིས་བསྐོར་ནས། །ཐལ་མོ་སྦྱར་བྱས་སངས་རྒྱས་ཞུ་བར་བྱེད། །སྟོབས་བཅུ་ལྡན་པ་དཔག་མེད་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་སྒྱུར་བ་ཁྱོད་ལ་ཞུ། །གང་གིས་བྱང་ཆུབ་སེམས་ནི་བརྟན་པོར་བསྐྱེད། །དེ་ཡི་བསོད་ནམས་ཇི་ཙམ་བསྐྱེད་འགྱུར་ལགས། །བཅོམ་ལྡན་ཇི་ལྟར་སྤྱོད་པ་སྤྱད་བགྱིས་ན། །བསྐལ་པ་མང་པོར་སྡུག་བསྔལ་མི་མཐོང་བར། །ངེས་པར་བདེ་དང་བདེ་བླག་ཚིམ་གྱུར་པས། །བྱང་ཆུབ་བདུད་རྩི་མྱ་ངན་མེད་པ་རྟོགས། །བདག་གཞར་རྐང་ལག་བཏང་ཡང་མི་འཚལ་ཞིང་། །མགོ་དང་རང་ཤ་སྩལ་བར་མི་འཚལ་བར། །བདག་ནི་ངེས་པར་བདེ་གནས་སྤྱོད་པ་ཡི། །ཐབས་འདིར་ཐུབ་པས་བདག་ལ་བསྟན་དུ་གསོལ། །རྟག་ཏུ་བདེ་དང་བདེ་བླག་ལྡན་པར་ཤོག །ནམས་ཀྱང་བདག་ལུས་སྡུག་བསྔལ་མ་གྱུར་ཅིག །བྱམས་དང་བཟོད་དང་དུལ་དང་སྡོམ་པ་ལ། །གནས་ནས་བདག་གིས་བྱང་ཆུབ་མཆོག་རེག་ཤོག །ལེ་ལོ་མ་མཆིས་རྟག་ཏུ་བསླབ་ལ་སློབ། །བདག་གིས་བསླབ་པ་ནམས་ཀྱང་གཞིག་མི་བགྱི། །འདྲེན་པ་བདག་ནི་དམ་བཅས་བརྟན་པར་བགྱི། །ནམས་ཀྱང་ཚིག་ཙམ་ལྷུར་ལེན་ཡོང་མི་བགྱིད། །རང་བྱུང་བསོད་ནམས་འབྲས་བུ་བདག་ལ་གསུངས། །དེ་བཞིན་གཤེགས་པ་ཐེག་པ་བདེ་བ་གསུངས། །ཇི་ལྟར་སྤྱོད་པའི་བསླབ་པ་བཀའ་སྩལ་གསོལ། །ཐོས་ནས་ཇི་ལྟར་བསྟན་བཞིན་གནས་པར་བགྱི། །གསེར་འོད་གསེར་བཀོད་འོད་བཟངས་དེས་གསུངས་པ། །ཀྱེ་ཀྱེ་ས་ཡི་བདག་པོ་མཉན་པར་གྱིས། །བདེ་བའི་རྒྱུ་ཡི་བསོད་ནམས་ཁྱོད་ལ་བཤད། །བསླབ་པའང་བཤད་ཀྱིས་དེ་ཕྱིར་ང་ལས་ཉོན། །གང་གིས་སྟོང་གསུམ་རིན་ཆེན་གང་བྱས་ལ། །སྟོབས་བཅུ་མངའ་བ་རྣམས་ལ་འབུལ་བྱེད་པ། །དེ་བས་བྱང་ཆུབ་ཏུ་ནི་སྨོན་བྱེད་པ། །བསོད་ནམས་ཤིན་ཏུ་མང་པོ་འཕེལ་བར་འགྱུར།
The English translation of this folio by 84000 - Translating the words of the Buddha can be found at:
https://read.84000.co/translation/toh198.html?part=UT22084-061-018-285#UT22084-061-018-285