Degé Kangyur volume 61, F.285.b

ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་ཤིང་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པར་ཤེས་ནས། འདི་ལ་བདག་གམ། སེམས་ཅན་ནམ། སྲོག་གམ། གང་ཟག་གང་ཡང་མེད་དོ་སྙམ་སྟེ། འདི་ལྟར་ངོ་བོ་ཉིད་ཀྱིས་སྟོང་པའི་ཆོས་འདི་དག་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། ཐམས་ཅད་ལ་མི་དམིགས་པའི་སེམས་དང་ལྡན་ལ། སེམས་ཅན་ཕྱིན་ཅི་ལོག་ཏུ་སེམས་ཤིང་དམིགས་པ་ཅན་གང་ཡིན་པ་དེ་དག་ཀྱང་ཕྱིན་ཅི་ལོག་གིས་ཟིན་ཅིང་དམིགས་པའི་སེམས་སུ་གྱུར་པ་དེ་ལས་རབ་ཏུ་གྲོལ་བར་བྱས་ནས། དེ་དག་ལ་ཡང་ཆོས་ཐམས་ཅད་ངོ་བོ་ཉིད་མེད་དོ་ཞེས་ཆོས་སྟོན་ཅིང་དེ་དག་ཀྱང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་ཞེས་བྱ་བ་ལ་འཛུད་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི་ཐབས་ལ་མཁས་པ་ཡིན་པར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ལ་སྤྱོད་པ་དང་སློབ་པ་ཡང་ཡིན་ནོ། །​རིགས་ཀྱི་བུ་དེ་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་འོད་བཤོས་གསོལ་ནས། འཁོར་གྱི་ཁྱམས་དེར་འཁོར་དེའི་ནང་དུ་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་རྒྱས་པར་བཤད་དོ། །​བཅོམ་ལྡན་འདས་དེས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་སེམས་ཅན་ཚད་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །​རིགས་ཀྱི་བུ་ངས་བསྐལ་པའམ། བསྐལ་པ་ལས་ལྷག་པར་བྱང་ཆུབ་སེམས་དཔའི་སྒོ་སོ་སོ་བའི་ཆོས་ཀྱི་རྣམ་གྲངས་ལས་བརྩམས་ཏེ། ཆོས་བསྟན་དུ་ཟིན་ཀྱང་སྤོབས་པའམ། ཆོས་ཀྱི་སྒོ་རྣམས་ཟད་པར་མི་འགྱུར་མོད་ཀྱི་འོན་ཀྱང་དེའི་བརྩམས་པ་ཙམ་བསྟན་པ་ཡིན་ནོ། །​རིགས་ཀྱི་བུ་དེ་ལྟར་ན་རྒྱལ་པོ་གསེར་མདོག་དེས་དེ་བཞིན་གཤེགས་པ་དེ་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་ཐམ་པར་བཀོད་པ་དེ་ལྟ་བུ་དང་། བསྙེན་བཀུར་དང་། ཕུ་དུད་དུ་བྱ་བ་དེ་ལྟ་བུས་བཀུར་སྟི་བྱས། བླ་མར་བྱས། རིམ་གྲོ་བྱས། མཆོད་པ་བྱས་སོ།​། །​།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh198.html?part=UT22084-061-018-281#UT22084-061-018-281