།དེ་ནི་བདག་དོན་རྒྱ་ཆེན་བྱས་ནས་སུ། །གཞན་ཡང་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད། །ཤིང་དབང་ཤིང་མཆོག་དམ་པའི་དྲུང་སོང་ནས། །མཚུངས་མེད་མཆོག་ཞི་བྱང་ཆུབ་འཚང་ཡང་རྒྱ། །སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་ན། །འདི་ནས་བཟུང་སྟེ་སྲིད་པའི་རྩེ་མོའི་བར། །སངས་རྒྱས་ཞིང་ནི་འཛམ་ཀླུང་གསེར་གྱིས་གང་། །དེ་འདྲའི་དཔལ་དེ་ཟད་པར་བྱ་མི་ནུས། །བཅོམ་ལྡན་མཆོད་རྟེན་མར་མེ་ཕུལ་བྱས་ན། །དེ་ཡི་ལུས་ནི་མདོག་ངན་ཡོང་མི་འགྱུར། །གཟུགས་མཆོག་སྲ་ཞིང་ལག་པ་གཟུ་བ་འདྲ། །སྣང་བ་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ། །གལ་ཏེ་རྒྱལ་བ་དམ་པ་བྱུང་གྱུར་ན། །དེ་བཞིན་གཤེགས་པ་རྣམས་དང་ཉེ་བར་འགྱུར། །ཉེ་དུར་འགྱུར་རམ་ཡང་ན་བུར་ཡང་འགྱུར། །དེ་ནི་ཡེ་ཤེས་ཕུང་པོ་མྱུར་དུ་འཐོབ། །གལ་ཏེ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཞིང་། །ཡུངས་འབྲུ་དག་གིས་བྱུར་བུར་གང་གྱུར་པ། །བགྲང་བ་དང་ནི་གཞལ་ཞིང་བརྗོད་པར་ནུས། །བདེ་གཤེགས་མར་མེ་གཅིག་ཕུལ་དེ་ལྟ་མིན། །སངས་རྒྱས་དམ་པ་མཚུངས་མེད་སྦྱིན་པའི་གནས། །སྤྱོད་པ་མཆོག་སྤྱད་ཁྱད་པར་བརྙེས་གྱུར་པ། །མི་མཆོག་དེ་ལ་མཆོད་པ་འདིར་བྱས་པ། །རྣམ་པར་སྨིན་པ་དམ་པ་གཞལ་ཡས་འགྱུར། །གལ་ཏེ་མི་མཇེད་འཇིག་རྟེན་ཁམས་འདི་ཀུན། །ནོར་བུ་རིན་ཆེན་བཻ་དཱུརྱས་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཀཱར་ཥཱ་པ་ཎས་མི་མཇེད་འཇིག་རྟེན་ཁམས། །འོག་ནས་སྲིད་པའི་རྩེ་མོའི་བར་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །སངས་རྒྱས་ཞིང་སྟོང་དེ་དག་ཙན་དན་གྱིས། །འོག་ནས་སྲིད་པའི་རྩེ་མོའི་བར་གང་བ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར། །ཚངས་པའི་འཇིག་རྟེན་ཡོད་པའི་ལྷ་རིས་ཀྱི། །གོས་ཀྱིས་སངས་རྒྱས་ཞིང་སྟོང་གང་གྱུར་པ། །ཟད་པར་བྱ་ནུས་སངས་རྒྱས་མཆོད་རྟེན་ལ། །མར་མེ་གཅིག་ཕུལ་དཔལ་དེ་ཟད་མི་འགྱུར།